དཀར་མཛེས་དང་རྔ་བ་ཁུལ་ནས་གྲགས་པའི་གཏམ་བཟང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-31


        2023ལོའི་ཟླ་3ཚེས་27ཉིན་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས། དཀར་མཛེས་ཀྱི་དམག་སྡེ་བཅོ་བརྒྱད་པའི་ས་ཕུག་རྗེས་ཤུལ་དང་། རྔ་བ་རྫོང་མནྡལ་ཐང་མཛེས་ལྗོངས་ཁུལ། ཁྲོ་ཆུ་རྫོང་ཨོ་གསུམ་གངས་རིའི་མཛེས་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཆོག་མཆན་སྤྲད་པ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱས་པ་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ་ཁུལ་འདི་གཉིས་ཀྱི་2023ལོའི་ཡུལ་སྐོར་ལས་རིགས་ལ་འགོ་ཡག་པོ་བརྩམས་ཡོད།

        དམག་སྡེ་བཅོ་བརྒྱད་པའི་ས་ཕུག་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་སྲིབ་ངོ་ཤང་གི་བྱང་ཤར་ཕྱོགས་སུ་གནས་པ་དང་། ས་ཕུག་ཁྱུ་ཚོགས་དེ་ནི་1951ལོའི་དཔྱིད་ཀར་གསར་དུ་བསྐྲུན་པ་དང་། དེ་ནི་དམག་སྡེ་བཅོ་བརྒྱད་པ་དང་སྤུན་ཟླའི་དཔུང་སྡེ་ཁག་དཀར་མཛེས་སུ་ཡོང་ནས་གནམ་ཐང་མྱུར་བཟོ་བྱེད་སྐབས་དཔུང་སྡེའི་བཅའ་སྡོད་བྱ་ཡུལ་ཡིན་ཞིང་། ས་ཕུག་ཁྱུ་ཚོགས་ཀྱིས་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་84000ལྷག་བཟུང་ཞིང་ད་ལྟ་ས་ཕུག་1000ལྷག་ཙམ་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་94བཏོད་པའི་བསྡོམས་འབོར་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་A5རིམ་པའི་མཛེས་ལྗོངས་ཁུལ་2དང་། A4རིམ་པའི་མཛེས་ལྗོངས་ཁུལ་26  A3རིམ་པའི་མཛེས་ལྗོངས་ཁུལ་66བཅས་ཡོད།

        མནྡལ་ཐང་མཛེས་ལྗོངས་ཁུལ་དེ་རྔ་བ་རྫོང་གི་བྱང་ཤར་རྒྱུད་དུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་65ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3400ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་16.5874ཡོད། འདི་ནི་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་། མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་། དེ་བཞིན་སི་ཁྲོན་གྱི་ཆེས་མཛེས་སྡུག་ལྡན་པའི་རྩྭ་ཐང་ཆེན་པོ་བཅུའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྨ་ཆུ་སི་ཁྲོན་དུ་བཞུར་བའི་རང་བྱུང་གི་མཛེས་པ་དང་མི་ཆོས་ཀྱི་དགེ་མཚན་གཞི་གཅིག་ཏུ་འདུས་ཤིང་། མཚོ་ཁུག་སྟོང་གི་འདམ་ར་དང་བྱིས་སྒྲུང་གི་འབྲོག་ར་ཞེས་པའི་མཚན་སྙན་ཡོད་པ་རེད།

        ཨོ་གསུམ་གངས་རིའི་མཛེས་ལྗོངས་ཁུལ་ནི་ཁྲོ་ཆུ་རྫོང་ལུའུ་ཧྭ་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་པ་དང་སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་གལ་ཆེན་ཞིག་ཡིན། ཁྲོ་ཆུ་རྫོང་གི་ལུའུ་ཧྭ་གྲོང་རྡལ་དང་བར་ཐག་སྤྱི་ལེ་16དང་ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་310ཡོད། མཛེས་ལྗོངས་ཁུལ་དུ་གནའ་བོའི་བཙན་རྫོང་དང་། ཡུལ་དཔོན་གྱི་ཕོ་བྲང་། རྒྱལ་རོང་སྐོར་བྲོ་བཅས་ཁྱད་ཆོས་སུ་གྱུར་བའི་མཚོན་བྱེད་རིག་གནས་ཐོན་ཁུངས་ཆ་ཚང་པོ་ཡོད་པས་ཀྲུང་གོའི་མི་རིགས་མཉམ་འདྲེས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།


རྩོམ་ཡིག་སྔོན་མ།
ཀོང་པོའི་བི་ཤུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1