ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུར་ཉེས་དོན་ཞུ་གཏུག་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-03


        ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་ཚེས་30ཉིན་གྱི་དགོང་མོར་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཉིའུ་ཡོག་མངའ་སྡེ་ཡི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཆེན་མོ་ཞིག་གིས་ཉེས་དོན་གྱི་ཉེས་མིང་གི་ཐོག་ནས། ཙུང་ཐུང་ཟུར་པ་ཐེ་རོན་ཕུར་ཞུ་གཏུག་རྒྱག་རྒྱུའི་བརྡས་ཐག་བཅད་ནས་མོས་མཐུན་བྱུང་ཡོད་ཅེས་བཤད་པ་རེད།

        མིག་སྔར་ཐེ་རོན་ཕུའི་ཉེས་དོན་ཞུ་གཏུག་གི་ཞིབ་ཕྲའི་ནང་དོན་གསལ་པོ་ཤེས་ཀྱི་མེད། ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཞུ་གཏུག་ཡི་གེ་དེ་འབྱུང་འགྱུར་ཉིན་ཁ་ཤས་ནང་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཉིའུ་ཡོག་མངའ་སྡེ་མན་ཧ་ཏུན་ས་ཁུལ་གྱི་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་ཐེ་རོན་ཕུའི་ཁྲིམས་རྩོད་པ་དང་འབྲེལ་གཏུག་བྱས་ནས། ཐེ་རོན་ཕུ་ཡིས་འདྲི་གཅོད་དང་ལེན་བྱ་རྒྱུའི་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

        ཨ་རིའི་ལོ་རྒྱུས་ཐོག་དེ་གོང་ལ་ཙུང་ཐུང་ཟུར་པ་སུ་ཞིག་ལའང་ཉེས་དོན་ཉེས་གསོག་གི་སྐྱོན་འདོན་ཞུ་གཏུག་བྱས་མེད་པ་རེད། སྤྱི་མཐུན་ཏང་གི་མི་ཐེ་རོན་ཕུས་གསལ་བསྒྲགས་སྤེལ་ནས་དམངས་གཙོ་ཏང་གིས་ཁོ་པར་“ཆབ་སྲིད་ཀྱི་གནོད་འཚེ་”བཏང་བ་དང་འབྲེལ་“འདེམས་བསྐོར་ཐེ་ཇུས་བྱས་པ་”དང་། དུས་མཚུངས་མན་ཧ་ཏུན་ས་ཁུལ་གྱི་ཞིབ་དཔྱོད་དཔོན་དང་དམངས་གཙོ་ཏང་གི་ཨའར་ཝུན་·པུའུ་ལ་ཀེར་སྐྱོན་བརྗོད་དྲག་པོ་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་མ་བྱས་གོང་དར་མའི་གློག་བརྙན་འཁྲབ་མཁན་བུད་མེད་ཅིག་ལ་“ཁ་བཀག་གྲོན་དངུལ་”སྤྲད་པར་དམིགས་ནས་སྤེལ་བ་རེད། བུད་མེད་འཁྲབ་སྟོན་པ་དེས་ལོ་མང་གོང་ཐེ་རོན་ཕུ་དང་འབྲེལ་བ་ཡོད་ཅེས་བརྗོད་ཀྱང་། ཐེ་རོན་ཕུས་ཁས་ལེན་བྱེད་ཀྱི་མེད།

        ཐེ་རོན་ཕུ་ད་ལོ་ལོ་76ཡིན་པ་དང་2017ལོའི་ཟླ་དང་པོ་ནས་2021ལོའི་ཟླ་དང་པོའི་བར་ཨ་རིའི་ཙུང་ཐུང་གི་འགན་འཁུར། ན་ནིང་ཟླ་11པར་ཐེ་རོན་ཕུས་སླར་ཡང་ཨ་རིའི་ཙུང་ཐུང་གི་འདེམས་བསྐོའི་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། “ཁ་བཀག་གྲོན་དངུལ་”གྱི་གྱོད་གཞི་ཕུད། ཐེ་རོན་ཕུ་ཉེས་དོན་བརྟག་དཔྱད་གཞན་དག་མང་པོ་དང་ཡང་འབྲེལ་བ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1