༄༅།། གློ་གཅོང་གི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་ཚེ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། 04-03




        གློ་གཅོང་ནི་དབུགས་ལམ་བརྒྱུད་འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་པ་ལས་བྱུང་བའི་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན།

        གློ་གཅོང་གི་ནད་རྟགས་གཙོ་བོ་ནི་གློ་རྒྱག་པ་དང་།  ལུད་པ་དོན་པར་མ་ཟད།  ད་དུང་ལུད་པའི་ནང་དུ་ཁྲག་འདྲེས་པ།  མཚན་མོ་རྔུལ་ཆུ་དོན་པ་དང་།  ལུས་པོ་སྐམ་དུ་འགྲོ་བའམ་ལུས་པོའི་ལྗིད་ཚད་ཡང་དུ་འགྲོ་བ།  དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།   མི་མང་པོ་ཞིག་གི་བསམ་བློའི་ནང་ལ་ནད་ཡམས་དཀར་པོར་འབོད་པའི་གློ་གཅོང་ནད། ཡང་མིང་གཞན་ལ་གློ་ནད་དམ་གློ་ནད་བུང་ཚང་སྔ་ས་ནས་གོ་རྒྱུ་ཚོར་རྒྱུ་མི་འདུག་བསམ་ཡང་དོན་དངོས་ཐོག་དེ་འདྲ་མ་ཡིན།

        རང་རྒྱལ་གྱི་ཁྲིམས་བཀོད་རིམས་ནད་སྙན་ཞུ་ཁ་པ་རིམ་པའི་ཁོངས་གཏོགས་ཀྱིས་གློ་གཅོང་གི་ནད་དེས་སྔར་བཞིན་ང་ཚོའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད།

གང་འདྲ་ཞིག་ལ་གློ་གཅོང་གི་ནད་ཡོད་པའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་ཡོད་མཁན་ཟེར།

        གློ་གཅོང་ནི་གཙོ་བོ་མཁའ་རླུང་བརྒྱུད་ནས་འགོས་ཁྱབ་བྱེད་ཀྱི་ཡོད་པ་དང་།  ནད་རྐྱེན་རིག་པ་གདགས་གཤིས་ཡིན་པའི་གློ་གཅོང་ནད་པའམ་ཡང་ན་ལུད་པའི་ནང་འདུས་འདྲིལ་གཅོང་ནད་དབྱུག་སྲིན་ཡོད་པའི་གློ་གཅོང་ནད་པ་ནི་འགོ་ཁུངས་གཙོ་བོ་ཡིན།  ཁོ་ཚོས་གློ་རྒྱག་པ་དང་།  ལུད་པ་གཡུགས་པ།  ཧབ་སྦྲིད་རྒྱག་པ།  དེ་བཞིན་སྐད་ཤུགས་ཆེན་པོས་སྐད་ཆ་བཤད་པ་སོགས་བྱེད་སྐབས། འདུས་འདྲིལ་གཅོང་ནད་དབྱུག་སྲིན་ཡོད་པའི་མཆིལ་མ་མཁའ་རླུང་གི་ནང་ལ་གཏོར་རྐྱེན།  ཁོ་ཚོ་དང་འབྲེལ་འདྲིས་བྱེད་སྐབས་འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད།

        འོན་ཀྱང་། མི་མང་པོ་ཞིག་ལ་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ་རང་ཉིད་གློ་གཅོང་གི་ནད་པར་འབྲེལ་འདྲིས་དམ་ཟབ་བྱས་ཡོད་མཁན་ལ་བརྩི་ཀྱི་ཡོད་མེད་ཐེ་ཚོམ་སྐྱེ་བ་ཡིན།

        རང་རྒྱལ་དུ་སྤྱིར་བཏང་བྱས་ན་ནད་རྐྱེན་རིག་པའི་གདགས་གཤིས་ཡིན་པའམ་ཁ་ལུད་ནང་འདུས་འདྲིལ་གཅོང་ནད་དབྱུག་སྲིན་ཡོད་པའི་གློ་གཅོང་ནད་པ་གཏན་འཁེལ་མ་བྱས་གོང་གི་ཟླ་གསུམ་ནས་འདུས་འདྲིལ་གཅོང་ནད་གསོ་བཅོས་བྱས་རྗེས་ཀྱི་ཉིན་༡༤ནང་དུ་ཐད་ཀར་འབྲེལ་འདྲིས་ཡོད་པའི་ཁྱིམ་ཚང་གི་ཁོངས་མི་དང་། ལས་རོགས། སློབ་གྲོགས་སོགས་གློ་གཅོང་གི་ནད་པར་འབྲེལ་འདྲིས་དམ་ཟབ་བྱས་ཡོད་མཁན་ལ་བརྩིས་ཆོག

        སྤྱིར་བཏང་འབྲེལ་འདྲིས་དམ་ཟབ་བྱས་ཡོད་མཁན་ལ་ཁྱིམ་ཚང་ནང་འབྲེལ་འདྲིས་དམ་ཟབ་བྱས་ཡོད་མཁན་གྱི་ཁྱིམ་མི་དང་། ཁྱིམ་ཚང་ཕྱི་རོལ་གྱི་ལས་རོགས་དང་སློབ་གྲོགས་སོགས་རིགས་གཉིས་ལ་དབྱེ་ཡི་ཡོད།

གློ་གཅོང་གི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་རྗེས་རང་ཉིད་ལ་འགོས་ཡོད་མེད་ཇི་ལྟར་བལྟ་དགོས།

        གལ་ཏེ་རང་ཉིད་གློ་གཅོང་གི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྱི་མི་ཚོགས་ཡིན་པ་ཤེས་རྟོགས་བྱུང་ཚེ། དངངས་སྐྲག་བྱ་དགོས་མེད། ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་སྤེལ་བའི་འབྲེལ་འདྲིས་དམ་ཟབ་བྱེད་མཁན་རྩད་གཅོད་ཀྱི་ལས་ཀར་གཞོགས་འདེགས་ཡག་པོ་བྱ་དགོས་པ་དང་།   འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་མིན་དང་གློ་གཅོང་ན་བཞིན་པའི་ནད་པ་ཡིན་མིན་བརྟག་དཔྱད་བྱ་དགོས། མིག་སྔར།  འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་སྟངས་གཙོ་བོ་ནི། ལུས་པོའི་པགས་པར་འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་མིན་གྱི་ཚོད་ལྟའི་བརྟག་དཔྱད་དང་།  ལུས་ཕྱིའི་བརྟག་དཔྱདγ-འགལ་རྐྱེན་རྒྱུ་གྲོལ་གཏོང་བའི་བརྟག་དཔྱད་བཅས་རིགས་ཆེན་པོ་གཉིས་ཡོད།

        གལ་ཏེ་བརྟག་དཔྱད་འབྲས་བུ་སྲིབ་གཤིས་ཡིན་ན། ཁྱེད་རང་དེ་བས་སེམས་ཁྲལ་བྱ་དགོས་མེད། འོན་ཀྱང་། འདིའི་སྐབས་སུའང་ལྷོད་གཡེང་བྱ་མི་རུང།  རྒྱུ་མཚན་ནི་འདུས་འདྲིལ་གཅོང་ནད་དབྱུག་སྲིན་ནི་ཧ་ཅང་གཡོ་སྒྱུ་ཆེ་བའི་དགྲ་བོ་ལྟ་བུ་ཡིན་པས། ད་ཡོད་ཐབས་ཤེས་ཀྱིས་ལམ་སང་འདུས་འདྲིལ་གཅོང་ནད་དབྱུག་སྲིན་དེ་མངོན་མི་ཐུབ་པར་བརྟག་དཔྱད་འབྲས་བུ་རྫུན་མ་ཐོན་སྲིད། དེས་རྐྱེན་ཚང་མས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས་པ་དང་།  ངལ་གསོ་ཡག་པོ་རྒྱག་པ།  འཚོ་བཅུད་ལ་ཁ་སྣོན་དང་།  རིམས་འགོག་ཀྱི་ནུས་པ་ཇེ་མཐོར་གཏོང་བ་བཅས་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད།  སྨན་པས་བཤད་པ་ལྟར་དུས་ཐོག་ལ་སྨན་ཁང་དུ་ཡང་བསྐྱར་བརྟག་དཔྱད་བྱེད་པར་ཡོང་དགོས།

        གལ་ཏེ་བརྟག་དཔྱད་བྱས་པ་བརྒྱུད་འདུས་འདྲིལ་གློ་གཅོང་གི་དོགས་ཡོད་ནད་རྟགས་ཐོན་པའམ་ཡང་ན་དོགས་ཡོད་ནད་པར་གཏན་འཁེལ་བྱས་ཡོད་ན།  འདུས་འདྲིལ་གློ་གཅོང་གི་དམིགས་བཙུགས་སྨན་ཁང་ལ་ནད་གཞི་ཕོག་ཡོད་མེད་ཀྱི་བརྟག་དཔྱད་དང་ཕོག་ཡོད་ན་ཚད་མཐུན་གྱི་སྨན་བཅོས་བྱ་དགོས།  ད་དུང་གནས་ཚུལ་གཞན་ཞིག་ནི་འགོས་ནད་བརྟག་དཔྱད་ཀྱིའབྲས་བུ་གདགས་གཤིས་ཡིན་རུང་འདུས་འདྲིལ་གློ་གཅོང་གི་ནད་ཐོག་ནད་རྟགས་མངོན་ཚུལ་མེད་པ་ཡིན་ན། དེའི་སྐབས་ནད་གཞི་འགོས་ཀྱང་ནད་རྟགས་མ་མངོན་པའི་རྣམ་པ་ཡིན།

ནད་རྟགས་མི་མངོན་པའི་ནད་པའི་ཁོངས་སུ་གཏན་འཁེལ་ན་གང་འདྲ་བྱ་དགོས།

        འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་ནའང་དངངས་སྐྲག་བྱེད་མི་དགོས།   ད་ལྟའི་འཛམ་བུ་གླིང་ལ་ཆ་སྙོམས་མི་བཞིའི་ཁྲོད་དུ་མི་གཅིག་ལ་འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་ཡོད་པ་དང་ཡུན་རིང་ནད་རྟགས་མི་མངོན་པར་བསྡད་ཀྱི་ཡོད་པ་རེད།  དེའི་ནང་ནས་བརྒྱ་ཆའི་༥ནས་བརྒྱ་ཆའི་༡༠བར་ནི་མི་ཚེ་གང་པོའི་ནང་ནད་རྟགས་ཡོད་པའི་འདུས་འདྲིལ་གློ་གཅོང་དུ་འགྱུར་སྲིད་པ་ལས།   འདུས་འདྲིལ་གཅོང་ནད་དབྱུག་སྲིན་འགོས་ཀྱང་ནད་རྟགས་མི་མངོན་པའི་ནད་པ་ཚང་མར་ནད་རྟགས་འབྱུང་བ་མིན།   རང་ལུས་ཀྱི་རིམས་འགོག་བྱེད་ནུས་ཉམས་པ་ནི་ནད་རྟགས་མི་མངོན་པའི་ནད་པའི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས།  ང་ཚོས་དུས་རྒྱུན་དུ་འཚོ་བའི་གོམས་གཤིས་ལེགས་པོ་དང་བདེ་ཐང་གི་ཆུ་ཚད་ལེགས་པོར་རྒྱུན་འཁྱོངས་བྱ་དགོས།

        གཞན་ཡང་། སྔོན་འགོག་རང་བཞིན་གྱི་སྨན་བཅོས་ཀྱིས་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།   སྔོན་འགོག་རང་བཞིན་གྱི་སྨན་བཅོས་ནི་ཉེ་དུས་གཅོང་ནད་དབྱུག་སྲིན་འགོས་པའི་ནད་པའམ་ནད་རྟགས་མི་མངོན་པའི་ཉེན་ཁ་ཆེ་བའི་མི་ཚོགས་ལ་དམིགས་ནས་འདུས་འདྲིལ་གཅོང་ནད་འགོག་པའི་སྨན་རྫས་དང་། ཡང་ན་སྐྱེ་དངོས་སྨན་རྫས་ཀྱིས་སྔོན་འགོག་རང་བཞིན་གྱི་ཐེ་གཏོགས་བྱས་པ་ལ་ཟེར། དེས་ནད་རྟགས་མི་མངོན་པའི་ནད་པར་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་༦༠ནས་བརྒྱ་ཆའི་༩༠བར་ཙམ་ལ་དམའ་རུ་གཏོང་ཐུབ། ཡིན་ཡང་མཇུག་མཐར་བྱ་ཐབས་གང་ཞིག་སྤྱད་ནས་སྔོན་འགོག་རང་བཞིན་གྱི་སྨན་བཅོས་བྱེད་པ་ནི་སྨན་པས་ཁྱེད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད།

        དེ་དང་དུས་མཚུངས།  གལ་ཏེ་ཁྱེད་རང་འདུས་འདྲིལ་གློ་གཅོང་འགོས་རྗེས་ནད་རྟགས་མི་མངོན་པའི་ནད་པ་ཡིན་ན།  ནམ་རྒྱུན་གྱི་འཚོ་བའི་ཁྲོད་ལ་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་ལ་དོ་ཁུར་བྱ་དགོས་པ་དང་།  དུས་བཅད་ཀྱིས་གཟུགས་པོར་བརྟག་དཔྱད་བཅས་བྱས་ནས་འདུས་འདྲིལ་གློ་གཅོང་གི་ནད་འབྱུང་བར་སྔོན་འགོག་དང་དོགས་ཟོན་བྱ་དགོས།

        གློ་གཅོང་གི་ནད་མང་ཆེ་བའི་ནད་རྟགས་ཐོན་པའི་མགྱོགས་ཚད་ཅུང་དལ་ཞིང་།  ནད་པ་ཁ་ཤས་ལ་མངོན་གསལ་གྱི་ནད་རྟགས་་ཐོན་གྱི་མེད་པ་དང་། གློག་པར་བརྒྱབ་པ་སོགས་བརྟག་དཔྱད་བྱེད་དུས་གཞི་ནས་ཤེས་རྟོགས་ཐུབ་ཀྱི་ཡོད།

        གལ་ཏེ་ང་ཚོར་གློ་རྒྱག་པ་དང་། ལུད་པ་ཐོན་པའི་དུས་ཚོད་གཟའ་འཁོར་གཉིས་སམ་གཉིས་ཡན་ཕྱིན་པ་དང་།   ལུད་པའི་ནང་དུ་ཁྲག་འདྲེས་ཡོད་པ་སོགས་གློ་གཅོང་གྱི་དོགས་ཡོད་ནད་རྟགས་ཐོན་པ་ཡིན་ན།  སྨན་ཁང་ལ་ཕྱིན་ནས་གློག་པར་དང་CDསོགས་བརྟག་དཔྱད་བྱེད་པའམ། ཡང་ན་ལུད་པར་བརྟག་དཔྱད་སོགས་བྱས་ནས་ནད་ཐོག་སྨན་པས་ཕྱོགས་བསྡུས་ཀྱིས་གློ་གཅོང་ཕོག་ཡོད་མེད་གཏན་འཁེལ་བྱེད་སྲིད། སྔ་ཙམ་ཤེས་རྟོགས་དང་།  སྔ་ཙམ་ནད་གཞིར་བརྟག་དཔྱད།  སྔ་ཙམ་སྨན་བཅོས་བཅས་བྱེད་གང་ཐུབ་བྱ་དགོས།

        གལ་ཏེ་ཚད་ལྡན་གྱིས་འདུས་འདྲིལ་འགོག་པའི་སྨན་བཅོས་རྒྱུན་འཁྱོངས་བྱེད་ཐུབ་ན།  གློ་གཅོང་གི་ནད་པ་མང་ཆེ་བ་དྲག་སྐྱེད་ཐུབ་ཀྱི་ཡོད། གློ་གཅོང་འགོས་པའི་ནད་པ་ཚང་མས་ངེས་པར་དུ་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་དང་སྨན་བཅོས་ཧུར་ཐག་བྱ་དགོས།

        ད་ཁྱེད་ཀྱིས་ཤེས་སོང་ངམ།  ཚན་རིག་ལག་རྩལ་ཡར་རྒྱས་འགྲོ་བ་དང་བསྟུན་ནས་སྨན་བཅོས་ཀྱི་ལག་རྩལ་ཡང་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད་པས།  གློ་གཅོང་གི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་པ་ཡིན་ན།   ཐབས་ཤེས་འདྲ་མིན་སྣ་ཚོགས་ཀྱིས་ཁྱེད་རང་གི་གཟུགས་གཞི་བདེ་ཐང་ལ་འགན་སྲུང་བྱེད་ཀྱི་ཡོད་པས།  ཁྱེད་རང་གིས་བྱེད་དགོས་པ་ནི་ཚན་རིག་ལ་ཡིད་ཆེས་དང་།  ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་སྨན་ཁང་གི་སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས།   གློ་གཅོང་དང་འཐབ་རྩོད་མཐའ་འཁྱོལ་བ་བྱ་རྒྱུ་དེ་ཡིན་པས།   མཐའ་མའི་རྒྱལ་ཁ་ནི་ང་ཚོར་ཐོབ་ངེས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1