༄༅།། ཉལ་ཁར་འདི་ལྟར་ཁ་པར་རྩེས་ན་བདེ་ཐང་ལ་གནོད་པ་ལྷག་ཏུ་ཆེ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-03


        ཟུར་ཉལ་བྱས་ནས་ཁ་པར་རྩེད་ཅེས་པ་དྲ་ཐོག་ཏུ་གླེང་མང་ཤོས་སུ་གྱུར་ཅིང་། དྲ་གྲོགས་ཚོས་ལབ་གླེང་འཁྲུག་པོ་བྱས་ཡོད།

        དྲ་གྲོགས་ན་རེ། ཟུར་དུ་ཉལ་ནས་ལག་ཐོགས་ཁ་པར་རྩེས་ན་མིག་གཡས་པ་རྒྱང་སྒྲིབ་ཆགས་ཉེན་ཡོད།

        དྲ་གྲོགས་ཤིག་གིས་དྲ་ཐོག་ཏུ་བརྙན་ལམ་སྤེལ་ནས་ཚང་མར་ཟུར་ཉལ་བྱས་ནས་ཁ་པར་རྩེད་མི་རུང་བའི་འབོད་སྐུལ་བྱས་པ་རེད། ཁོང་གིས་རང་ཉིད་ཀྱི་མྱོང་བ་དངོས་ལ་སྦྱར་ནས་ཚང་མར་ངའི་མིག་ཐོག་མར་བདེ་ཐང་ཡིན་མོད། ངས་རྒྱུན་དུ་གཡས་ཉལ་བྱས་ནས་ཁ་པར་རྩེས་པས། དེ་རིང་མིག་ཤེད་བརྟག་ཚེ་ངའི་མིག་གཡས་པ་རྒྱང་སྒྲིབ་ཆགས་འདུག སྨན་པས་ང་ལ་ཟུར་ཉལ་བྱས་ནས་ཁ་པར་བརྩེ་མི་རུང་མ་གཏོགས་མིག་གཡོན་པའི་མིག་ཤེད་ཀྱང་ཞན་དུ་འགྲོ་ཉེན་ཡོད་པ་མ་ཟད། ད་དུང་གཟི་ལོག་ཆགས་ཉེན་ཡོད་ཅེས་བཤད་བྱུང་ཞེས་བསྟན།

        དྲ་གྲོགས་ཁྲོད་ཀྱི་དེ་མཐུན་གྱི་མྱོང་ཚོར་ཡོད་མཁན་མང་པོས་ཀྱང་རང་ཉིད་ཀྱི་མྱོང་ཚོར་བཤད་འགོ་ཚུགས་ཡོད་དེ། ཟུར་ཉལ་བྱས་ནས་ཁ་པར་རྩེས་ན་མཇིང་ཚིགས་ལ་རྨས་སྐྱོན་ཕོག་ཉེན་ཡོད།

        དེ་གོང་། ཧང་ཀྲོའུ་རུ་ལོ་26ཡིན་པའི་བུ་མོ་ཞའོ་ཁྲེན་གྱིས་དུས་ཡུན་རིང་པོ་ཉལ་ནས་ལག་ཐོགས་ཁ་པར་རྩེས་པས་མགོ་ཡུ་འཁོར་བའི་ནད་རྟགས་ཐོན་ཞིང་། སྨན་ཁང་ནས་མཐར་མཇིང་ཚིགས་ལ་རྨས་སྐྱོན་ཕོག་པའི་ནད་རྟགས་གཏན་འཁེལ་བྱས་པ་རེད།

        སྨན་པས་ཁོ་མོའི་ནད་དེ་ནམ་རྒྱུན་སྡོད་སྟངས་ཀྱི་གོམས་གཤིས་ངན་པ་དང་འབྲེལ་བ་ཡོད་ཟེར། ཞའོ་ཁྲེན་ཁ་པར་རྩེ་རྒྱུར་ཧ་ཅང་དགའ། ཉིན་མོ་འབོལ་ཁྲིར་བསྙེས་ནས་རྩེ་བ་དང་དགོང་མོ་མལ་ཁྲིར་ཉལ་ནས་རྩེ་ཞིང་། རྩེ་ཐེངས་གཅིག་ལ་ཆུ་ཚོད་གཉིས་གསུམ་རིང་མཚམས་འཇོག་གི་མེད། ཁོ་མོ་ཉལ་ནས་མུ་འབྲེལ་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་པོ་ཡོད་པས་མཚམས་རེར་ངལ་གསོ་མེད་པར་ཆུ་ཚོད་བཞི་ལྔ་རེར་ལྟ་བཞིན་ཡོད། དེའི་ཁར་ཉེ་ལམ་ཟླ་གཉིས་རིང་བསྟུད་མར་དཔྱད་རྩོམ་འབྲི་དགོས་བྱུང་བས་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པ་རེད།

        མཇིང་ཚིགས་ནི་མི་ལུས་དང་ཀླད་ཆེན་གྱི་འབྲེལ་ཟམ་ལྟ་བུ་ཡིན། གལ་ཏེ་མཇིང་ཚིགས་ལ་རྨས་སྐྱོན་བྱུང་ཚེ་མགོ་ལ་ཤུགས་རྐྱེན་ཕོག་ནས་མགོ་ཡུ་འཁོར་བ་དང་། རྐང་ལག་སྦྲིད་པ། ཁྲག་ཤེད་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཐོན་ངེས་ཡིན། མཇིང་ཚིགས་མགོ་མ་ནི་ཀླད་གཞུང་དང་རྒྱུངས་པའི་འབྲེལ་གནས་ཡིན། གལ་ཏེ་དེ་ལ་རྨས་སྐྱོན་བྱུང་ཚེ་ཐད་ཀར་ཀླད་ཆེན་ལ་ཤུགས་རྐྱེན་ཐེབས་སྲིད་པས། ལུས་ཡོངས་ཀྱི་དབང་པོའི་ནུས་པར་ཤུགས་རྐྱེན་ཐེབས་ཉེན་ཆེ།

ཁ་པར་ཇི་ལྟར་རྩེས་ན་གནོད་པ་ཚུང་ངམ་ཞེ་ན།

        ཁ་པར་ལྟ་སྐབས། ཁ་པར་མཐོང་ལམ་དང་མཐོ་ཚད་མཚུངས་སར་འཇོག་པ་དང་། ཁ་པར་དང་གདོང་གི་བར་ཐག་ལི་སྨི་33ནས་35བར་རྒྱུན་འཁྱོངས་བྱེད་དགོས་ལ། འཆར་ཤེལ་གསལ་ཐལ་ཆེ་མི་རུང་། གཞན་ཡང་མུན་ནག་གི་ཁྲོད་དུས་ཡུན་རིང་པོ་ལག་ཐོགས་ཁ་པར་རྩེ་མི་རུང་།

        ལག་ཐོགས་ཁ་པར་འཛིན་སྟངས་ནོར་འཁྲུལ་ཅན་ཇི་ལྟར་ཡོ་བསྲང་དགོས་སམ་ཞེ་ན།

1 ཉལ་ནས་ཁ་པར་ལྟ་སྐབས་ཡག་ཤོས་བྱུང་ན་སྔས་མགོ་སོགས་སྤྱད་དེ་ལྷུ་ཚིགས་ལ་གནོད་པ་མི་ཕོག་པ་བྱེད་དགོས།

2 ཡག་ཤོས་བྱུང་ན་ཁ་པར་རྩེ་སྐབས་ཀྲོང་པོར་སྡོད་དགོས། གལ་ཏེ་ཟུར་ཉལ་བྱས་ནས་ཁ་པར་རྩེ་ན་སྔས་མགོ་ཇེ་མཐོར་བཏང་ནས་མགོ་དང་ལུས་པོ་སྙོམ་པོ་ཡོང་ཐབས་བྱེད་དགོས་པ་དང་། དུས་མཚུངས་སུ་འབོལ་གདན་སྲ་སྙི་འཚམ་པོ་སྤྱོད་བྱེད་དགོས།

3 བསྙེས་ཉལ་གྱིས་ཁ་པར་བལྟས་ན་མགོ་བོ་འདེགས་སྐབས་ཤ་གནད་ཀྱིས་ཤུགས་ཆེན་པོ་འདོན་དགོས་ཀྱི་མེད། འོན་ཀྱང་དུས་ཡུན་རིང་པོ་མགོ་བོ་བསྒུར་ནས་ཁ་པར་རྩེད་ན་མགོ་དང་སྐེ་ལ་ན་ཟུག་གཏོང་ཉེན་ཡོད་པས། ཁ་པར་ཡར་བཀྱགས་ནས་མགོ་དང་ལུས་པོ་སྙོམ་པོ་ཡོང་ཐབས་བྱེད་དགོས་ལ། རྐེད་པར་ཤུགས་ཐེབས་ཚུལ་ལའང་དོ་སྣང་ཡོད་དགོས།

        མཇུག་མཐར། ཚང་མར་དྲན་སྐུལ་ཞུ་རྒྱུར། ཁ་པར་ལག་འབྱར་གྱི་གོམས་གཤིས་བསྒྱུར་ཏེ་ཁྱིམ་མི་དང་ལབ་གླེང་མང་ཙམ་བྱེད་རོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1