ལི་ཆང་གིས་ལྗར་ཕན་གྱི་ཕྱི་འབྲེལ་བློན་ཆེན་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-03


        འདི་ག་ལས་ཁུངས་ནས་སྤེལ་བའི་གསན་ཚུལ། སྤྱི་ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཚོམས་ཆེན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ལྗར་ཕན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཧྥང་ཀྲེང་དང་མཇལ་འཛོམས་གནང་བ་རེད།

        ལི་ཆང་གིས། ཀྲུང་གོ་དང་ལྗར་ཕན་གྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ད་ལོ་ནི་ཀྲུང་ལྗར་ཞི་བདེའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་45འཁོར་བའི་ལོ་ཡིན། ཕྱོགས་གཉིས་པོས་ཆིངས་ཡིག་གི་དགོངས་དོན་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཡུན་རིང་ཞི་བདེའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་དགོས། ལྗར་ཕན་ཕྱོགས་ནས་ཀྲུང་གོ་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ། སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་ལྗར་ཕན་གྱི་འབྲེལ་བ་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

        ལོ་རྒྱུས་དང་ཐའེ་ཝན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་དག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་འབྲེལ་བ་ཡོད་པས། ལྷག་བསམ་རྣམ་དག་དང་ཕན་ཚུན་ཡིད་ཆེས་ཡོད་པའི་ཐོག་ནས་འོས་འཚམ་ངང་ཐག་གཅོད་བྱེད་དགོས། ཀྲུང་གོ་དང་ལྗར་ཕན་གཉིས་དཔལ་འབྱོར་ཉོ་ཚོང་གི་ རོགས་ཟླ་གལ་ཆེན་ཞིག་ཡིན་པས། ཆུ་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས་ཞེས་གསུངས་གནང་ཡོད།

        ལིན་ཧྥང་ཀྲེང་གིས། ལྗར་ཀྲུང་དབར་རྒྱ་ཆེ་བའི་ཁྱབ་ཁོངས་ནང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ལྗར་ཕན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཐོག མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ལྗར་ཀྲུང་དབར་གྱི་འབྲེལ་བ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།

ཆིན་ཀང་མཇལ་འཛོམས་གནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1