༄༅།།སྟག་རོང་ཨ་ནུ་གཟིག་འཕེན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 04-04


    གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །

   གནས་མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས། །

   འབྲེལ་ཚད་དོན་དང་ལྡན་པར་ཤོག །

   སྟོང་དབྱེར་མེད་ཁ་ལོ་ཆོས་ལ་སྒྱུར། །

   ས་འདིའི་ས་ངོ་མ་ཤེས་ན། །

   རྨ་དེའུ་ཡག་སྟག་ཐང་བར་མ་རེད། །

   རྨ་ཆུ་སྔོན་མོའི་གཡས་ཟུར་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   གླིང་ས་མཐོང་བ་ཀུན་སྨོན་ན། །

   ཤར་རི་བོ་ཆེ་ཡི་ས་ཆ་ན། །

   མཁར་མི་འགྱུར་བེའུ་སྟག་རྫོང་ནས། །

   ལྡོང་མི་འགྱུར་སྟག་རོང་གཟིག་འཕེན་ཡིན། །

   སྨུག་པོ་ལྡོང་གི་ཆེ་མགོ་ཡིན། །

   གླིང་དཔའ་བརྟུལ་སུམ་ཅུའི་རྒན་མགོ་ཡིན། །

   དགྲ་མ་ཐུབ་ཆམ་ལ་འབེབ་མི་ཡིན། །

   རྟིང་མ་དྲུག་གསུམ་རྒྱབ་ལ་བཞག །

   གཏམ་ཁ་བཤད་སྔོན་ལ་གཏོང་མི་མིན། །

   མིན་དོན་རྩ་བ་བཤད་པ་ན། །

   སྐུ་སེང་ཆེན་རྒྱལ་པོ་མ་འཁྲུངས་གོང་། །

   དཔའ་ཞལ་ལུ་སྐུ་ན་ཕྲ་བའི་དུས། །

   རང་གླིང་གོང་བ་རྩོད་རེས་བྱུང་། །

   གླིང་སྤྱི་དཔོན་གཡུ་འཕེན་སྟག་རྒྱལ་གཙོས། །

   ཕུ་ནུ་མི་མང་དཔུང་སྡེབ་ཤོར། །

   འགག་གླིང་ཕ་ཆོས་རྩོད་རེས་བྱུང་། །

   སྤྱི་དཔོན་གླེན་པ་ཆོས་རྒྱལ་གཙོས། །

   ཤ་ཕུ་ནུ་མགོ་སྐེ་བྲལ་ལེ་བྱུང་། །

   དེ་ནས་ཨ་ཁུ་སྤྱི་དཔོན་གྱིས། །

   ཤ་ཤོར་ཤ་ལན་ང་ལོངས་ཟེར། །

   ཟོག་ཤོར་རྩ་ར་ང་ལོངས་ཟེར། །

   ཕོ་ལོ་ངོ་བཅུ་དགུ་སླེབས་དུས་ཡིན། །

   མ་བསྡད་ཨ་ཕོ་ཁེར་འགྲོས་བྱས། །

   ང་དང་པོ་རོང་ཡུལ་མཐིལ་ལ་བབས། །

   ཕོ་སྐྱེས་ཚད་མགོ་སྐེ་བླངས་ནས་བཞག །

   སྨན་མ་ལུས་ཡུག་ས་ཕུད་ནས་བཞག །

   རྟ་འདོ་བ་ཁྱུ་དགུ་ནོམ་ལ་བཅད། །

   ཕ་ཆེན་ལྷ་འུ་སྤུན་གསུམ་ཁྲིད། །

   དེ་ནས་མ་བསྡད་འགག་ལ་སོང་། །

   ཕོ་སྐྱེས་ལུས་ཐོབ་ཚད་ཆམ་ལ་ཕབ། །

   སྨན་མོ་ལུས་ར་ནག་འགྲོ་འགྲོ་བྱས། །

   དྲེལ་སྨུག་ཆུང་ཁྱུ་དགུ་ནོམ་ལ་བཅད། །

   ཕ་ཆེན་སྤུན་གསུམ་བཙོན་ལ་ཁྲིད། །

   རྟིང་མ་དེ་བྱས་གཏམ་རྒྱུད་བཞག །

   ཤར་གླིང་གི་དཔའ་བརྟུལ་དེ་ནས་ཐོགས། །

   ཕོ་རྒོད་ཁེར་འགྲོ་དེ་ནས་དར། །

   ངས་ཁར་ཉིན་ཉི་མའི་གདོང་གང་ལ། །

   ཧོར་མི་རྒོད་བརྒྱ་ཚོ་གཉིས་གསུམ་བསད། །

   ཕོ་ཡིན་ན་གཟིག་འཕེན་དེ་ལྟར་ཡིན། །

   དཔའ་ཁྲི་དཔོན་ཞལ་ལུ་གཙོ་བྱས་པའི། །

   གླིང་ལྷ་སྡེ་དཀར་པོས་ཚུར་གསོན་དང་། །

   དེ་རིང་ཇག་རེས་ང་ལ་བབས། །

   ངས་གུར་དཀར་མགོ་ལག་ཨེ་ལོན་བལྟ། །

   བརྒྱ་ལ་གུར་དཀར་མ་ཐུག་ན། །

   བློན་ཤན་པ་གང་རུང་ཆམ་ལ་འབེབས། །

   དཔའ་རྟིང་མ་གླེང་རྒྱུ་ཡོད་ལེ་བྱེད། །

   དེ་ལྟར་ཚོ་ཆེན་ལྷ་སྡེ་འདི། །

   ཡང་མིན་ན་རྒོད་ནས་ཐལ་ལེ་རེད། །

   ཡང་མིན་ན་སྡར་ནས་སྐྲག་ལེ་རེད། །

   དཔའ་རྒྱ་ཚས་འདི་གྱིས་ཚིག་གཅིག་མེད། །

   གླིང་ཕུ་ནུ་འདི་བྱེད་ཚིག་གཅིག་མེད། །

   ལས་ཅི་འདྲ་ཞིག་རེད་གླིང་རུའི་སྡེ། །

   རྨ་ཆུ་འདི་ལ་རབ་གསུམ་གདའ། །

   རབ་ཁ་ཡན་འཇོག་རྒྱུ་ཨེ་ཡིན་ལགས། །

   གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ། །

   ཚ་ཞང་ཤོག་ཆེན་སུམ་ཅུ་གདའ། །

   གཡས་རུ་སྒ་དང་གཡོན་རུ་འབྲུ། །

   བཙན་ལ་སྟག་རོང་སྐྱ་ལོ་ཕྱུག །

   སྒ་བ་རིན་ཆེན་ཚོ་དྲུག་གདའ། །

   རྟ་འུ་མི་ཚོ་དམར་པོ་གདའ། །

   དམག་བུ་རྟ་ཅི་འདྲ་བསྡུ་རྒྱུ་ཡིན། །

   དམག་དཔོན་སུ་ཡིས་བྱེད་རྒྱུ་ཡིན། །

   སྣ་ཁྲིད་སུ་འདྲ་འགྲོ་རྒྱུ་ཡིན། །

   དཔུང་སྒྲིག་ལུགས་ཅི་འདྲ་བྱེད་རྒྱུ་ཡིན། །

   དགྲ་དུ་སོད་ཡིན་ནམ་དེ་གསོད་ཡིན། །

   མདའ་སྤྱི་འཕེན་ཡིན་ནམ་སྒེར་འཕེན་བྱེད། །

   རྟ་ཁྲོམ་རྒྱུག་བྱེད་དམ་ཁེར་རྒྱུག་བྱེད། །

   ཕོ་ཁེར་འགྲོས་བྱེད་དམ་མང་འགྲོས་བྱེད། །

   ལས་ཅི་བྱེད་ཨེ་ཤེས་གླིང་རུའི་སྡེ། །

   ཕོ་ང་ཡི་བསམ་ཚུལ་འདི་འདྲ་ཡིན། །

   རྨ་ཆུ་ཁམ་པའི་རབ་སོ་གསུམ། །

   དཔའ་བརྟུལ་གང་དྲག་རྒོད་གསུམ་ཞོག །

   ཕུ་ནུ་རེས་མོས་གར་བབ་དེ། །

   ཉིན་རེར་རྟིང་མ་རེ་རེ་ལེན། །

   ཕོ་རེ་རེ་ཡན་ལ་མི་འགྲོ་ལོ། །

   རྟིང་མ་ཅི་ལོན་ཅི་འཁྱོལ་བྱེད། །

   ལོ་གསུམ་ཕ་ཆོས་ཨེ་ཟིན་ལྟ། །

   དེ་ནས་སེང་ཆེན་ཨེ་འབྱོན་ནམ། །

   སྐྱེས་མཆོག་བྱང་ནས་བྱོན་པ་ན། །

   ཐབས་དང་ཤེས་རབ་ཁོང་ལ་ཡོད། །

   རྩལ་གྲུབ་རྟགས་དགོས་ན་འཛད་མེད་ཡོད། །

   རེད་ཨེ་བསམ་ཚོ་ཆེན་གླིང་གི་སྡེ། །

   ང་དཔོན་པོ་སོང་བའི་རྟིང་མ་ལ། །

   དེ་བྱས་དཔའ་གཏམ་ཡོད་ལེ་བྱེད། །

   མཐོང་མཐོང་མིག་གིས་ལྟད་མོ་ལྟོས། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   གླིང་ཕུ་ནུའི་ཐུགས་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1