༄༅། །ཆུ་ཐོར་ལ་སྔོན་འགོག་ནུས་ལྡན་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 04-04



        མིག་སྔར་ནི་ཆུ་ཐོར་དང་དབུགས་ལམ་ནད་རིགས་སོགས་འབྱུང་སླ་བའི་དུས་ཤིག་ཡིན་ལ། སློབ་གྲྭ་དང་བྱིས་བཅོལ་ཁང་ན་ཡོད་པའི་བྱིས་པ་ཚོར་ཆུ་ཐོར་འདི་ལྷག་ཏུ་འབྱུང་སླ་བ་ཡིན། དེ་ན། ཆུ་ཐོར་འདི་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱེད་པ་དང་། དེ་ཉིད་འགོ་བའི་ཉེན་ཁ་ཇེ་ཆུང་ལ་ཇི་ལྟར་གཏོང་ངམ་ཞེ་ན།

གཅིག ཆུ་ཐོར་འདི་མཆིལ་ཟེགས་དང་ཐུག་རེག་བརྒྱུད་ནས་འགོ་ཐུབ་པ།

        ཆུ་ཐོར་ནི་ཆུ་ཐོར—ཐགས་དབྱིབས་ཆུར་འབྲུམ་ནད་དུག(水痘—带状疱疹病毒)གིས་བསྐྱེད་པའི་དོས་དྲག་འགོས་ནད་ཅིག་ཡིན་ཞིང་། བྱིས་པའི་རིགས་ལ་འབྱུང་རྒྱུ་མང་བ་དང་། གཙོ་བོ་ནི་གློ་ལུ་བ་དང་ཧབ་ཆི་རྒྱག་པ་སོགས་དབུགས་ལམ་གྱི་མཆིལ་ཟེགས་བརྒྱུད་ནས་འགོ་བར་མ་ཟད། ད་དུང་ནད་དུག་འགོས་ཡོད་པའི་ཇ་ཕོར་དང་རྩེད་ཆས། སྒོ་ཟུངས(门把手)སོགས་ལ་ཐད་ཀར་ཐུག་རེག་བྱས་པ་ལས་ཀྱང་འགོ་ཐུབ་པ་ཡིན།

        ཆུ་ཐོར་བྱུང་བའི་མི་ལ། རྒྱུན་ལྡན་དུ་ཚ་བ་རྒྱས་པའི་ཞོར་དུ་ཟ་འཕྲུག་ལངས་པའི་དམར་འབྲུམ(红疹)འབྱུང་བ་ཡིན། དམར་འབྲུམ་དང་ཆུ་བུར(水疱)གཉིས་བསྟུད་མར་ཉིན་གསུམ་བཞི་ལ་བྱུང་རྗེས། རིམ་བཞིན་བསྐམས་ནས་རྨ་ཤུན་ཆགས་པ་དང་། སྤྱིར་བཏང་དུ་རྨ་ཤུལ་མི་ལུས་པ་ཡིན། བྱིས་པ་དྲག་སྐྱེད་བྱུང་རྗེས། ལུས་ལ་ཡུན་བརྟན་གྱི་རིམས་འགོག་ནུས་པ་འབྱུང་བ་ཡིན།

        ཆུ་ཐོར་བྱུང་རྗེས། ནད་པ་ལ་མཐུད་འབྱུང་ཕྲ་སྲིན(继发细菌)འགོས་པ་ཡིན་ན། གློ་ཚད་དང་ཀླད་ཚད། མཆིན་ཚད་བཅས་ཀྱི་བླ་གཉན་ནད་བསྐྱེད་པ་ཡིན།

གཉིས། ཆུ་ཐོར་འགོག་སྨན(水痘疫苗)རྒྱག་པ་ནི་ཆེས་ནུས་ལྡན་གྱི་འགོག་སྲུང་བྱེད་ཐབས་ཡིན་པ།

        ཆུ་ཐོར་གྱི་ནད་གཞི་སྟེ་ཆུ་ཐོར—ཐགས་དབྱིབས་ཆུར་འབྲུམ་ནད་དུག་གི་འགོ་བའི་རང་བཞིན་ཧ་ཅང་ཆེ་ཞིང་། མི་ནི་དེའི་འཁྲི་བདག(宿主)གཅིག་པུ་ཡིན། ཆུ་ཐོར་འགོག་སྨན་བརྒྱབ་ན། སྐྱེ་ལྡན་ཕུང་པོ་ལ་ཆུ་ཐོར་ནད་དུག་འགོག་པའི་རིམས་འགོག་ནུས་པ་འབྱུང་བར་སྐུལ་འདེད་བྱེད་པ་ཡིན། དེར་བརྟེན། ཆུ་ཐོར་འགོག་སྨན་རྒྱག་པ་ནི་མིག་སྔའི་དུས་སུ་ཆུ་ཐོར་གྱི་སྔོན་འགོག་ལ་ཆེས་ནུས་པ་ལྡན་པ་དང་ཆེས་སྟབས་བདེ་བའི་བྱེད་ཐབས་ཡིན།

        ཆུ་ཐོར་འགོག་སྨན་བརྒྱབ་མེད་པའམ་ཡང་ན་ཆུ་ཐོར་འགོག་སྨན་ཆ་ཚང་བརྒྱབ་ནས་ཚར་མེད་པའི་བྱིས་པ་ཡིན་ན། དུས་ཐོག་ཏུ་ཆུ་ཐོར་འགོག་སྨན་བརྒྱག་དགོས།

གསུམ། ལོགས་དགར་དང་དུག་སེལ་སོགས་ཀྱི་བྱེད་ཐབས་ལེགས་པོར་སྒྲུབ་པ།

        ཆུ་ཐོར་བྱུང་བའི་སྔོན་གྱི་ཉིན་གཅིག་གཉིས་ནས་ཆུ་བུར་བསྐམས་ཏེ་རྨ་ཤུན་ཆགས་པའི་བར་དུ། ནད་པ་ལ་ནད་འདི་གཞན་པར་འགོ་བའི་རང་བཞིན་ཧ་ཅང་ཆེ་བ་ཡིན། དེར་བརྟེན། ཆུ་ཐོར་བྱུང་བའི་བྱིས་པ་ཡིན་ན། སྨན་ཁང་དུ་འདུག་པའམ་ཡང་ན་ཁྱིམ་ནས་ལོགས་བཀར་བྱས་ཏེ་གསོ་བཅོས་བྱ་དགོས། རྩ་དོན་ལྟར་ན། ནད་པའི་ཆུ་བུར་ཚང་མ་བསྐམས་ནས་རྨ་ཤུན་ཆགས་པའམ་ཡང་ན་དྲག་སྐྱེད་བྱུང་རྗེས་ཀྱི་གཟའ་འཁོར་གཉིས་ཀྱི་ནང་ལ། ལོགས་བཀར་བྱེད་མཚམས་བཞག་ན་ཆོག་པ་ཡིན། གལ་ཏེ་མཐུད་འབྱུང་རེད་པ(继发感染)མ་བྱུང་ན། སྤྱིར་བཏང་དུ་གཟའ་འཁོར་གསུམ་བཞི་ཡི་ནང་ལ་ནད་དྲག་པ་ཡིན། སྐབས་འདིར། བྱིས་པ་ཡང་ཕྱིར་བྱིས་བཅོལ་ཁང་ངམ་ཡང་ན་སློབ་གྲྭར་སོང་ན་ཆོག

        བྱིས་བཅོལ་ཁང་དང་སློབ་ཆུང་སོགས་བྱིས་པ་མང་བའི་ས་ཆ་རུ་ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པ་དང་དུས་བཅད་ལྟར་དུག་སེལ་བྱེད་པ། བྱིས་པས་བཀོལ་མྱོང་བའི་དངོས་པོ་དང་རྩེད་ཆས་སོགས་རྒྱུན་པར་བཀྲུ་བ་དང་དུག་སེལ་བྱེད་པ། ཉལ་ཐུལ་སོགས་ཉི་མར་ལྡེ་བ་བཅས་བྱ་དགོས།

        ཁྱིམ་བདག་གིས་ནད་པའི་ལྭ་བ་སོགས་དུས་ཐོག་ཏུ་ཉི་མར་གཡེང་བའམ་ཡང་ན་དུག་སེལ་བྱེད་པ་དང་། ནད་པའི་གཅིན་སྐྱག་ལ་དུག་སེལ་གཙང་སྦྲ་བྱེད་པ། མི་སྒེར་གྱི་གཙང་སྦྲ་སྟེ་ལྭ་བ་བརྗེ་བ་དང་སེན་མོ་འཐོག་པ། ལག་པ་བཀྲུ་བ། ཆུ་བུར་བརྟོལ་ནས་གནས་གཞན་པར་ཁྱབ་ཏུ་མི་འཇུག་པར་སྐུལ་མ་བྱེད་པ་བཅས་བྱ་དགོས།

        གཞན་ད་དུང་། གཉིད་འདང་བ་དང་འགུལ་སྐྱོད་འོས་འཚམ་བྱེད་པ། སྔོ་ཚལ་དང་སིལ་ཏོག་མང་དུ་ཟ་བ། འཚོ་བཅུད་ཁ་གསབ་ཀྱི་སྨན་རྫས་འོས་འཚམ་ངང་འཐུང་བ་བཅས་ཀྱིས་བྱིས་པའི་རིམས་འགོག་ནུས་པ་ཇེ་ལེགས་སུ་བཏང་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1