༄༅། །ལོ་ཕྱི་ནང་འཚེམ་པའི་སྐུད་པ་དམར་པོ།

མདོ་སྨད་ཧེ་རུ་ཀ རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-06


མདོ་སྨད་ཧེ་རུ་ཀ

ལོ་རྙིང་ནང་གི་ཆམ་ནད་ལྕི་མོ།

མི་རྣམས་གང་སར་ལུ་བཞིན་མིད་པར་སྣད་སྐྱོན་ཅུང་ཙམ་བཟོས།

ཤིན་ཏུ་གཙང་བའི་མཐོ་སྒང་གི་སྤྲིན་དཀར་ལའང་།

ཉི་མ་ནུབ་ཏུ་བཞུད་པའི་གྲིབ་སོ་ཡང་ཡང་སྟོན།

རྒྱང་ལ་བཞུད་པའི་བགྲེས་པོ་སྐོར་ཞིག

ལྷོ་རུ་ཞོགས་པའི་ཁྲུང་ཁྲུང་གི་ཐག་རྡང་དང་འདྲ་བར།

ཕྱིར་ལྡོག་མེད་པའི་དུར་སའི་སྙིང་ལ་གྲིབ་མ་འཁྱུད།

བརྩེ་དུང་གིས་མཉན་ཆོག་པའི་སྐད་ཆའི་ནང་ལ་ཁ་སང་གི་ས་རྡུལ་འབབ།

དུས་ཚོད་ཀྱི་ལོ་མའི་སྟེང་ལ་རྙིད་འདུག་པའི་སྐྱོ་ཤས་ཀྱི་མཆི་མ།

འདས་སོང་གི་དྲན་པའི་ངོགས་སུ་སོས་བཞིན་པའི་དཀའ་སྡུག་གི་རྨ་ཁ།

འཁྱག་སིབ་སིབ་ཀྱི་ལོ་ཟླའི་ཀློང་ན།

དགའ་སྐྱོའི་ཉིན་མཚན་གྱི་ངོས་སུ་བྲིས་པའི་ན་ཟུག་གི་རི་མོ།

འདས་པོའི་ཁ་ཆེམས་ཀྱི་འགྱོད་གདུང་།

གསོན་པོའི་རེ་སྙེག་གི་སྐྱོ་གདུང་།

གནོད་འཚེ་དང་ནད་ཡམས་ཀྱི་ཁྲོད་དུ་འཁྲིགས་པ་ཡོད་ཚད།

མི་ལས་གཏམ་རྒྱུད་ཀྱི་ཁྲག་གསེང་ལ་འབབ་ཅིང་རྒྱུ།

རང་བྱུང་དང་མཁའ་དབུགས་ཀྱི་ལོངས་སྤྱོད་འཛད་མེད།

རང་དབང་དང་དུས་ཚོད་ཀྱི་རོལ་རྩེད་རྫོགས་མེད།

འཇིག་རྟེན་ནས་རང་ཉིད་ལ་བསྒྱུར་བཅོས་གྲངས་མེད་བཟོས་རྗེས།

འཚོ་བའི་བདེ་སྡུག་གི་རྩིས་ཐོ་མཐའ་མེད་པ་ཡི་གེར་དབབ་ཆོག

རང་ལ་དབང་བའི་རྨི་ལམ་རྨིས་ཆོག

ཁྱོད་ལ་དགའ་བའི་སྙན་ངག་བྲི་ཆོག

མཚན་མོ་རེ་རེ་ནི་འཆི་བ་དང་ཉེ་བར་བཏུད་སྟངས་ཤིག་ཡིན་ཚེ།

རྨི་ལམ་ལས་སད་པའི་ཞོགས་ལྗོངས་རེ་རེའང་།

སྙིང་དུ་སྡུག་པའི་གསོན་ཤུགས་ཀྱི་མྱུ་གུ་འབུས་ཚུལ་དང་འདྲ་ཨང་།

འཛུམ་བག་གསར་པའི་ཉིན་ཕྱོགས་སུ་འཚོ་བའི་མི།

གོམ་འགྲོས་ཀྱི་ཁྲོད་དུ་དུས་ཚོད་ཀྱི་སྐར་ཆ་ཕྲ་མོ་འདེབས།

དུས་གསར་དཔལ་མོའི་སྲིབ་འཁྱག་ལ་བསྐུངས་པའི་མི།

བདེ་སྐྱིད་ཀྱི་ཉི་མ་གཞོན་ནུ་གསར་དུ་འདྲེན་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1