༄༅།།གཡུང་དྲུང་བོན་གྱི་ཆོས་ལུགས་རིག་གནས་ལས་རི་མོའི་སྲོལ་ཐོག་མར་ཇི་ལྟར་བྱུང་བའི་སྐོར་གླེང་བ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17


བསྐལ་པ་ཡ་ཐོག་གི་དུས་རིམ་གོང་མའི་སྔོན་དུ་ཞང་ཞུང་ཡུལ་ཁམས་དེར་གནས་པའི་མི་སྡེ་དེ་དག་ལ་བརྟག་ན་ཤེས་རིག་ཇི་སྙེད་ཅིག་ཡོད་པ་གཞིར་བཅས་རྒྱལ་པོ་ཁྲི་ཝེར་གྱི་སྐུ་དུས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་བོན་སྒོ་བཞི་དང་མཛོད་ལྔ་སོགས་ཐེག་པ་རིམ་དགུའི་བོན་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་དང་། བཟོ་རིག་པའི་སྐོར་བསྟན་པའི་ཚུལ་སྐལ་བཟང་མགྲིན་རྒྱན་ལས་བསྟན་པའི་གཞི་མ་བཟོ་རིག་པ།   གཏན་ལ་ཕབས་ཏེ་གར་མ་ལི་ཤོ་སོགས།  འཛམ་གླིང་མཁས་པའི་རྒྱན་དྲུག་དཔལ་ལ་བསྟན། ཞེས་གར་མ་ལི་ཤོས་གཤེན་རབ་ལ་བསྐུལ་མ་ཞུས་པ་བཞིན་གཤེན་རབ་མི་བོ་ཆེ་ཡིས་གར་མ་ལི་ཤོ་དང་།  འཛམ་གླིང་མཁས་པའི་རྒྱན་དྲུག་ཏུ་གྲགས་པ་བཟོ་རྗེ་ལྷ་དབང་དང་།  སྒྱུ་འཕྲུལ་ལྷ་དབང་།  བླུག་ཐོག་པ་ཝ་མགར་ལྷ་ཡུག་པ།  ལྷ་སྲས་པདྨ་སོགས་ལ་བཟོ་རིག་པའི་སྐོར་བསྟན་ཡོད་པ་གསལ་བར་དང་།  དྲི་མེད་རྩ་བའི་མདོ་ལས།  བཟོ་ལ་རྣམ་པ་ལྔ་ཡིན་ཏེ།། དྲ་ཞིང་དྲུབ་ལ་རྣམ་པ་ལྔ། །གདུགས་སུ་ཕུབ་དང་གདན་དུ་བཏིང་། །ཡོལ་དུ་བྲེས་དང་ལུས་ལ་གསོལ། །བཞོག་ཅིང་སྦྱར་ལ་རྣམ་པ་གཉིས། །ཐོགས་སུ་ཕུབ་དང་གང་མཁོ་སྤྱད། །བཞུ་ཞིང་བླུག་ལ་རྣམ་པ་གསུམ། །ལྷ་སྐུ་ལྷ་རྫས་འདོད་ཡོན་ནོ། །བརླུང་ཞིང་ཐར་ལ་རྣམ་པ་གསུམ། །མཛེས་དང་བརྗིད་དང་འདོད་ཡོན་རྫས། །བྲི་ཞིང་བཀོད་ལ་རྣམ་པ་གཉིས། །རོལ་མོ་ཅན་དང་བཀོད་མ་ཅན། །འདི་ལྟར་བཟོ་རིག་བཀོད་པ་རྣམས། །ལྷ་སྲས་གར་མས་ཐུགས་ལ་ཞོག་ཅེས་གསུངས་པ་དེ་དག་ཞང་ཞུང་ཡ་ཐོག་གི་དུས་རིམ་གོང་མའི་ནང་གཤེན་རབ་མི་བོ་ཆེ་ཡིས་བཟོ་རིག་པའི་བསྐོར་བསྟན་ཡོད་པ་གསལ་བ་དང་།  མདོ་གཟེར་མིག་ལས།  གསས་ཁང་ཆེན་མོ་དེ་ལ་ཀོང་རྩེས་ཐིག་བཏབ་སྟེ། །ཐིག་གདབ་དང་པོ་མཐའ་ནས་གདབ། །མཚོན་བཀྱེ་དབུས་ནས་བཀྱེ་བར་འབྱུང་། །གཞི་མ་ཕྱི་མ་རས་སུ་བོར་ཞེས་དང་།  ཡང་དེ་ཉིད་ལས།   བར་དུ་འདམ་དོ་ལུས་པ་ལ། །ལྟག་ལ་མཐོ་རིས་གསུམ་བྲི། །འགབ་ལ་ངན་སོང་གསུམ་བྲི། །དབུས་ཀྱི་ཁྱམས་ཁང་ཁྲོ་བོ་ནི། །སྟོང་གཉིས་བར་མའི་འཇིག་རྟེན་ནོ་ཞེས་པ་དང་།  ཡང་དེ་ཉིད་ལས།  རྩིག་མཁན་རྣམས་ཀྱིས་འཕང་ཡང་བསྟོད། །བྱད་མཁན་རྣམས་ཀྱིས་ཕྱི་བདར་བྱས། །ཤིང་མཁན་རྣམས་ཀྱིས་ཤིང་བཞོགས་དང་། །རྡོ་མཁན་རྣམས་ཀྱིས་རྡོ་ཡང་སྦྱངས། །ལྕགས་མཁན་རྣམས་ཀྱིས་ལྕགས་ཀྱང་བརྡུངས་། །གསེར་དངུལ་མཁན་གྱིས་ཞུན་ཡང་བཏབ། །ཚོན་རྩི་མཁན་གྱིས་ཚོན་རྩི་སྦྱངས། །བྲིས་མཁན་རྣམས་ཀྱིས་བྲིས་ཀྱང་བྲིས་ཞེས་བཟོ་སྣ་སུམ་བརྒྱ་དྲུག་ཅུ་དཔེ་བླང་ནས་གནས་མཆོག་འོ་མོ་གླིང་ཆེན་གྱི་ནུབ་ཕྱོགས་རྣམ་དག་བདེ་བ་ཆེན་པོ་ཐར་པའི་སྒོ་མཚོན་པའི་གསས་ཁང་ཕྱི་ནང་གསང་གསུམ་གྱི་བཟོའི་ཁྱད་ཆོས་ཤིན་ཏུ་ཡ་མཚན་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མདོ་གཟེར་མིག་ལས་གསལ་བར་གསུངས་པ་འདིས་ཡ་ཐོག་དུས་རིམ་གོང་མའི་ནང་ཞང་ཞུང་གི་བཟོ་རིག་པའི་མ་ལགས་ཆ་ཚང་དེའི་དུས་ནས་ཡོད་པ་གསལ་བར་བསྟན་ཡོད་པ་ཡིན་ནོ།།  གཞན་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་གནའ་བོའི་བོད་ཀྱི་ཤེས་རིག་གི་སྐོར་ལ་སྙན་གྲགས་ཆེ་ཤོས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང་ལྡིང་ཤེས་ཤ་བ་ཞེས་བག་ཕྱེས་ཤ་བ་བཟོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་སོགས་གསུངས་པ་ལ་བརྟག་ན་སྐབས་དེར་བཟོ་རིག་གི་ལག་རྩལ་ཕུན་སུམ་ཚོགས་པོ་ཡོད་པར་བདེན་དཔང་བྱེད་ཐུབ། དེ་ཡང་སྤྱི་ལོ་2014ལོའི་སྤྱི་ཟླ6-9བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་གྱིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་གནའ་རྫས་འཚོལ་ཞིབ་ཀྱི་ལས་ཀ་བསྒྲུབས་ཏེ། ཞང་ཞུང་རྒྱལ་རབས་སྐབས་ཀྱི་བང་སོ་ཡོད་པའི་ཡུལ་གཉིས་ནས་ས་དུར་གཅིག་དང་དོང་དུར་ལྔ་རྙེད་ཅིང་། རིག་དངོས་རྩ་ཆེན་འགའ་ལག་སོན་བྱུང་བའི་ཚོན་རིས་གྱིས་བཀྲ་བའི་རྫ་ཆས་སྐོར་དང་། འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་གོས་ཆེན་དང་ཁམ་མདོག་གི་དར་གོས་རྙིང་རོ། ལིའི་ལྷུང་གཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་འཇལ་གཏན་འབེབས་བྱས་རྗེས་དར་གོས་དེ་ཉིད་ད་བར་ལོ་ངོ1747ཡས་མས་དང་། མངའ་རིས་ཁུལ་གྱི་སྒར་རྫོང་གི་གུ་རུ་གྱམ་དང་རྩ་མདའ་རྫོང་གི་མཁར་ནུབ་ཀྱི་གླང་ཆེན་ཁ་འབབ་ལྷོ་འགྲམ་དུ་གནའ་བོའི་བང་སོའི་རིགས་མི་འདྲ་བ་གཉིས་ཙམ་གསར་དུ་རྙེད་པའི་པང་གཅལ་ཚོན་རིས་ཅན་དང་། རྫ་མ་ཚོན་རིས་ཅན། མཆོང་སོགས་ལ་བརྟག་ན་ལོ་ངོ1800ཡས་མས་ཀྱི་ལོ་རྒྱུས་ལྡན་ལ་དུས་སྐབས་དེ་ནི་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་དབང་བསྒྱུར་བྱེད་པའི་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཅེས་མིང་དུ་གྲགས་པ་རྣམས་ཀྱི་བང་སོ་དང་སའི་ཆར་གཏོགས་ནས་བསྔོགས་པའི་གནའ་ཤུལ་ཡིན་པས་སྐབས་དེར་རི་མོའི་ལག་རྩལ་ཚད་མཐོན་པོར་སླེབས་ཡོད་པ་ར་སྤྲོད་བྱེད་ཐུབ། སྤྱི་ལོའི་སྔོན་གྱི་ལོ་417སྔོན་དུ་སྤུ་རྒྱལ་གོང་གི་གདོད་མའི་བོན་དང་། གཡུང་དྲུང་བོན་སོགས་ཀྱི་སྐབས་སུ་བོད་ཀྱི་རི་མོ་ལ་འཕེལ་རྒྱས་གང་འཚམས་བྱུང་ཡོད་དེ། མདོ་དྲི་མེད་གཟི་བརྗིད་ཀྱི་གསུང་པོད་གཉིས་པ་དང་ལེའུ་དྲུག་པ་བཟོ་རིག་པ་བསྟན་པའི་སྐབས་སུ། བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་གཞོག་ཅིང་སྦྱང་། །བཞུ་ཞིང་བླུག་དང་བརྡུང་ཞིང་འཐར། །བྲི་ཞིང་བཀོད་དང་རྣམ་པ་ལྔ།།ཞེས་གསུང་སྟེ། དུས་རབས་བདུན་པའི་ཡར་སྔོན་དུ་བོད་རང་ལ་བཟོ་རིག་པའི་འབུམ་སྡེ་གསུམ་ཡོད་པ་དང་དེ་དག་ནི། བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ་དང་། སྲིད་པ་མི་བོ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་གྱིས་མཚོན་པའི་རིག་པའི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་པ་ཡོད་པར་གྲགས་མོད། མིག་སྔར་ང་ཚོས་ཆུ་བུར་ཅན་གྱི་མིག་གིས་མཐོང་ཆོས་སུ་མ་གྱུར་བས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་ལུང་ཁག་ན་བཞུགས་པའི་བྲག་བརྐོས་ཀྱི་རི་མོ་བྱ་རུ་རྣམ་པ་ཅན་གྱི་མཆོད་རྟེན་སོགས་ཀྱིས་མཚོན་པའི་རི་མོ་རེ་གཉིས་ལས་རིག་པའི་གཞུང་ལུགས་དང་མྱོང་བ་ལག་ལེན་བཏབ་པའི་བྲིས་འབུར་སྒྱུ་རྩལ་གྱི་རིག་དངོས་མཇལ་དུ་མེད་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད་ན་ཡང་བོན་གྱི་ཤེས་རིག་དང་འབྲེལ་བའི་ས་དཔྱད་རི་མོ་དང་། རྩིས་ཀྱི་ལྡེའུ་རིས། ལྷག་པར་དུ་བོན་ཆོག་གི་གཏོར་གླུད་མདོས་སོགས་ལ་ཉེ་མཁོའི་རི་མོ་སྣ་ཚོགས་དར་ཡོད་པས། སྔར་གྱི་རི་མོ་དེ་ལ་རིགས་ཇེ་མང་དང་། མཛེས་ཉམས་ཇེ་ཆེ། སྤུས་ཀ་ཇེ་ལེགས་སུ་སོང་ནས་སྐབས་དེར་བོད་ཀྱི་རི་མོ་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཀྱང་བྱུང་ཡོད་པ་གོ་སླ། མདོར་ན་བོད་ཀྱི་རི་མོའི་རིག་གནས་ཀྱི་འགོ་ཁུངས་ནི་རྒྱ་དཀར་ནག་སོགས་ཡུལ་གྲུ་གཞན་གང་ལའང་ཐུག་མེད་པར། སྤྱི་ལོའི་སྔོན་གྱི་ལོ་15000ལོ་སྟེ་རྡོ་ཆས་གསར་མའི་དུས་རབས་འགོ་ཟིན་པ་ནས་བཟུང་བོད་ལ་དར་བའི་གནའ་རབས་ཀྱི་རི་མོ་དང་། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་15000གོང་གི་བོད་རང་གི་གདོད་མའི་ཤེས་རིག་ཁོ་ན་ལ་ཐུག་ཡོད་པ་ནི་དངོས་ཡོད་གནས་ཚུལ་ལ་གཞིབ་ནས་ར་སྤྲོད་བྱས་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1