༄༅། །གནོན་ཤུགས་ཕྲན་བུ་དེ་ལུས་ཕུང་བདེ་ཐང་ལ་ཕན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-19


        ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན།གནོན་ཤུགས་ཚད་དང་རན་པ་ཡོད་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་རེད། ཤེས་ཚོར་རུང་བའི་གནོན་ཤུགས་ཆུང་ངུ་དང་ཡང་ན་རན་པ་ཞིག་ཡོད་པ་དེ་ནི་དོན་དག་ངན་པ་ཞིག་མ་ཡིན་པར། དེས་མི་ལ་ཡར་སྐྱེད་ཀྱི་སེམས་ཤུགས་སྩོལ་བར་བྱེད།

        ཨ་མེ་རི་ཁའི་ཆའོ་ཀྲི་ཡ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་མི་རྒྱུད་མི་འདྲ་བ་དང་མི་རིགས་མི་འདྲ་བའི་མི1000ལྷག་ལ་ཉིང་སྡུད་མཉམ་འདར་བཤེར་འབེབས་བྱས་པའི་མཇུག་འབྲས་ལ་དབྱེ་ཞིབ་བྱས།

        ཞིབ་འཇུག་མི་སྣས་དེའི་ནང་དུ་ཞུགས་མཁན་ལ་བརྙན་རིས་མང་པོ་ཞིག་བསྟན་རྗེས། ཁོ་ཚོར་ཕྱིར་དྲན་བྱེད་དུ་བཅུག་པ་དང་།དེ་ནས་དེའི་ནང་ཞུགས་མཁན་གྱིས་ལས་འགན་སྒྲུབ་པའི་སྐབས་སུ་ཀླད་ཆེན་གྱི་ཉིང་སྡུད་མཉམ་འདར་བྱེད་པའི་བརྙན་གྲུབ་ལ་དབྱེ་ཞིབ་བྱས་པ་དང་། ཀླད་ཆེན་གྱི་གནས་མི་འདྲ་བའི་དབང་རྩའི་གྲུང་སྐུལ་གནས་ཚུལ་ལ་གདེང་འཇོག་བྱས།

        ལས་ཀའི་དྲན་ཤེས་ནི་མི་རྣམས་ཀྱིས་ཉིན་རེར་བཀོལ་སྤྱོད་བྱེད་ཀྱིན་པའི་ཆ་འཕྲིན་ཐུང་ངུའི་རིགས་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། གནོན་ཤུགས་ཆུང་ངུ་དང་ཡང་ན་འབྲིང་ཙམ་ཡོད་པའི་མིའི་ཀླད་པའི་ནང་གི་ལས་ཀའི་དྲན་ཤེས་དང་འབྲེལ་བའི་དབང་རྩ་གྲུང་སྐུལ་བྱེད་ཚད་ཧ་ཅང་བཟང་ལ། གནོན་ཤུགས་ཆེས་ཆེ་བའི་མིའི་ཀླད་པའི་དབང་རྩ་གྲུང་སྐུལ་བྱེད་ཚད་དེ་ལས་ལྡོག་སྟེ་མར་བབས་ཡོད་པ་ཤེས།

        དུས་ཡུན་རིང་པོར་གནོན་ཤུགས་ཆེན་པོས་མནར་ན་ཀླད་པའི་གྲུབ་ཚུལ་ལ་འགྱུར་བ་བྱུང་སྟེ། རྒྱུངས་དཀར་ཇེ་མང་དང་རྒྱུངས་སྐྱ་ཇེ་ཉུང་དུ་འགྲོ་ལ། རྒྱུངས་སྐྱ་ཇེ་ཉུང་དུ་སོང་ན་ཤ་གནད་ལ་ཚོད་འཛིན་ཐེབས་དཀའ་ཞིང་སེམས་ཁམས་སྙོམ་སྒྲིག་ཡོང་བར་གནོད་འཚེ་ཐེབས་པ་རེད། ཡུན་རིང་གི་གནོན་ཤུགས་དེའི་རིགས་ཀྱིས་ད་རུང་མགོ་ཕྱེད་ན་བ་དང་ཁྲག་ཤེད་མཐོ་བ།སྙིང་ནད་འབྱུང་བ་སོགས་ཀྱི་ཉེན་ཁ་བཟོ་སྲིད། གནོན་ཤུགས་ཆུང་ངུའམ་འབྲིང་ཙམ་གྱིས་དེ་ལས་ལྡོག་སྟེ་ཉམས་པ་སོར་ཆུད་ཀྱི་ནུས་པ་བསྐྲུན་ཏེ།བསམ་བློར་གེགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་འགྲོ་བ་རེད།

        ཞིབ་འཇུག་དེ་ལས་ཤེས་པ་ལྟར་ན། ཁྱིམ་མི་དང་གྲོགས་པོའི་རྒྱབ་སྐྱོར་མང་པོ་ཐོབ་མཁན་གྱི་མིས། བྱེད་ཐབས་སྔར་ལས་ལེགས་པོ་ཡི་སྒོ་ནས་གནོན་ཤུགས་ཆུང་བ་དང་འབྲིང་ཙམ་ལ་ཁ་གཏད་ལེགས་པོ་འཇལ་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1