《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང》པར་སྐྲུན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-21



        འཛམ་གླིང་གི་དཔེ་ཀློག་ཉིན་མོ་འཆར་ལ་ཉེ་བའི་སྐབས།《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང་》ཞེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་དང་དཔེ་ཀློག་མྱོང་ཚོར་ཚོགས་འདུ་དེ་སྤྱི་ཚེས་19ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། 《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང་》ཞེས་པའི་དེབ་གསར་དཔེ་སྐྲུན་བྱས་པ་དེ་ནི་བོད་ཀྱི་སྐད་ཡིག་དཔེ་སྐྲུན་ལོ་རྒྱུས་ཐོག་གི་ཚོད་ལྟ་གསར་པ་ཞིག་ཡིན་པ་དང་།  དེས་མིག་སྔར་བོད་ཡིག་དཔེ་ཚོགས་དེ་རིགས་ཀྱི་སྟོང་ཆ་སྐོང་ཡོད།

        གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང་》གི་ཁག་དང་པོ་དང་གཉིས་པར་ཁྱོན་དེབ་30ཡོད་ཅིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་བརྩམས་པའི་ ཁག་དང་པོ་དེ་2021ལོར་དཔེ་སྐྲུན་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་དྲུག་གིས་མཉམ་དུ་བརྩམས་པའི་ཁག་གཉིས་པ་དེ་མི་རིང་བའི་གོང་དཔེ་སྐྲུན་བྱས་པ་མ་ཟད། ཉིན་དེར་དངོས་སུ་ཀློག་པ་པོ་དང་ངོ་འཕྲད་བྱུང་ཡོད། དཔེ་ཚོགས་དེ་ནི་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དོན་མ་དངུལ་རོགས་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན།


        ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་ཚོགས་དེ་ནི་ལྕགས་ཐར་རྒྱལ་དང་དེའི་ཚོགས་པའི་ཁོངས་མིས་ལོ་མང་རིང་གི་སློབ་ཁྲིད་ཉམས་མྱོང་དང་ཚན་ཞིབ་གསོག་འཇོག་དང་ཟུང་འབྲེལ་བྱས་ནས་སྤྱི་ཁོག་དང་བྱེ་བྲག་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། “རིག་གནས་པས་ལྟ་བདེའི་དཔེ་ཚོགས་རྩོམ་འབྲི་བྱེད་པའི”བསམ་ཕྱོགས་ལྟར་མང་ཚོགས་ལ་ཕྱོགས་ཏེ་ཞིབ་འཇུག་རྣམ་པའི་རྩོམ་འབྲི་བྱ་ཐབས་སྤྱད་པ་དང་།  དོན་གསལ་ཞིང་གོ་བདེ་བའི་སྐད་ཡིག་དང་། ཤེས་རྒྱ་ཆེ་ཞིང་ཀློག་རིན་ཡོད་པའི་མཐོང་ཕྱོགས།  ཆེད་ལས་ཤེས་བྱའི་མིག་རྒྱང་བཅས་ཀྱི་ཐོག་ནས་གོ་རིམ་ལྡན་པའི་ངང་བོད་སྐད་དང་། བོད་ཡིག   ཐ་སྙད།  ཚིག   ཚིག་གྲོགས། ཚིག་ཕྲད་སོགས་སྤྱི་ཁོག་རིམ་པའི་ཤེས་བྱ་ངོ་སྤྲོད་བྱས་པ་དང་དུས་མཚུངས་སུ།   བྱེ་བྲག་གི་ངོས་ནས་ཟུར་སྣོན་ཡིག་རྟགས་དང་། ཐ་སྙད། ཐ་སྙད་ཉེར་སྤྱོད་དང་རྒྱན་ཚིག རིག་གནས་སྤེལ་རེས་དང་བོད་སྐད་ཡིག་གི་གོང་སྤེལ། བརྡ་སྤྲོད་བསྟན་བཅོས་ཁྲོད་ཀྱི་གསབ་རེས་འབྲེལ་བ། བརྡ་སྤྲོད་བསྟན་བཅོས་ཁྲོད་ཀྱི་སྐད་བརྡའི་ལོ་རྒྱུས་རྒྱུ་ཆ། ཐ་སྙད་གསར་པ་དང་སྤྱི་ཚོགས་འཕེལ་རྒྱས། བོད་སྐད་བྱ་ཚིག་གི་བརྗོད་གཞི་གསར་པ། མངོན་བརྗོད་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ཀྱི་ཤེས་བྱ་སོགས་གོ་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་ཡོད།

        དཔེ་ཚོགས་འདི་འདྲ་ཞིག་རྩོམ་འབྲི་གནང་དགོས་དོན་གང་ཡིན་ནམ།  རྩོམ་པ་པོའི་འཐུས་མི་ལྕགས་ཐར་རྒྱལ་གྱིས། འདི་ནི་2000ལོ་ནས་གླེང་དགོས། ང་རང་《སྐད་ཡིག་རིགས་བརྒྱའི་དཔེ་ཚོགས》ཉོས་པ་ནས་བཟུང་།  དཔེ་ཚོགས་དེའི་རྩོམ་པ་པོ་དང་། ལེའུ། ནང་དོན། དེ་བཞིན་སྤྱིའི་ཇུས་འགོད་བཅས་ཀྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བྱུང་། དུས་ཡུན་རིང་པོའི་ནང་ང་རང་དཔེ་ཚོགས་དེ་རྒྱ་ཆེའི་ཀློག་པ་པོར་ཕུལ་བར་སྤྲོ་སྣང་གིས་ཁེངས་པའི་ཁྲོད།  བོད་ཀྱི་ཡི་གེའི་ཐོག་ནས་ནང་དོན་ཁྱབ་རྒྱ་ཆེ་བ་དང་། གོ་སླ་བ། ཁྱེར་བདེ་བ།  ཀློག་རིན་ཡོད་པའི་ཀུན་ཁྱབ་རང་བཞིན་གྱི་དཔེ་དེབ་ཞིག་རྩོམ་སྒྲིག་བྱེད་ཐུབ་ན་བསམ་བྱུང་ཞེས་གསུངས་པ་རེད།

        ལྕགས་ཐར་རྒྱལ་གྱིས། དུས་དེ་ནས་བཟུང་དཔེ་ཚོགས་འདི་འདྲ་ཞིག་འབྲི་རྒྱུ་མཚམས་འཇོག་མྱོང་མེད་ལ། 2019ལོའི་ཟླ་8པ་ནས་2021ལོའི་ཟླ་10པ་བར། རང་ཉིད་ཀྱིས་ཡིག་འབྲུ་ཁྲི་130ལྷག་ཟིན་པའི་དཔེ་ཚོགས་དེའི་ཁག་དང་པོའི་དེབ་20ལས་འགན་ལེགས་གྲུབ་བྱས་པ་ཡིན་ཞེས་གསུངས་པ་རེད།

        མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  རྒྱུན་ལས་སློབ་སྤྱི་གཞོན་པ་མཱ་ཏེ་མིང་གིས། མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནས་བལྟས་ན། ཤེས་བྱ་གང་ཞིག་ཡིན་རུང་ཚང་མ་སྐད་བརྡར་བརྟེན་ནས་བརྒྱུད་སྤྲོད་བྱེད་པ་དང་། སྐད་བརྡ་ནི་ཡི་གེར་བརྟེན་ནས་བསྐལ་བརྒྱར་གནས། སྐད་བརྡ་མེད་ན་མིའི་རིགས་ཟེར་བའི་ཐ་སྙད་དེ་མེད་ལ། ཤེས་བྱ་མེད་ན་འཕེལ་རྒྱས་ཟེར་བ་ཡང་ཡོད་མི་སྲིད།  མིའི་རིགས་ཀྱིས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་མི་རྣམས་ཀྱིས་ཤེས་བྱར་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད་ཅེས་གསུངས་པ་རེད།

        མཱ་ཏེ་མིང་གིས《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང་》གི་རྩོམ་པ་པོའི་ཚོགས་པས་བོད་ཀྱི་སྐད་ཡིག་གི་གཙོ་གཟུགས་ཞིབ་འཇུག་ལ་གཞི་ཚུགས་ནས་དེང་རབས་ཀྱི་སྐད་བརྡ་རིག་པའི་རིགས་གཞུང་དང་བྱ་ཐབས་སྤྱད་དེ། རིག་གནས་ཀྱི་ཟུར་ཚད་ཐོག་ནས་སྐད་ཡིག་ལ་ལྟ་སྟངས་འཛིན་པ་དང་། སྐད་ཡིག་གི་ལྟ་སྟངས་ཐོག་ནས་རིག་གནས་ལ་དབྱེ་ཞིབ་བྱེད་པ། སྤྱི་ཁོག་དང་བྱེ་བྲག་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་གནད་དོན་གཅིག་ལ་གཞིགས་ཏེ་དཔེ་དེབ་གཅིག་བརྩམས་པའི་རྣམ་པའི་ཐོག་ནས་མིག་སྔར་ང་ཚོར་བསྟན་པའི་དཔེ་ཚོགས་དེ་ལེགས་གྲུབ་བྱས་ཡོད། དཀར་ཆག་ཁོ་ནའི་ཐོག་ནས་བལྟས་ཚེ་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན།   དཔེ་ཚོགས་དེ་བོད་ཀྱི་སྐད་ཡིག་ཞིབ་འཇུག་ལོ་རྒྱུས་ཐོག་དམིགས་བསལ་གྱི་རྣམ་པ་ལྡན་པ་མ་ཟད།  རང་རྒྱལ་གྱི་སྐད་བརྡའི་ཞིབ་འཇུག་ཁྱབ་ཁོངས་ནང་ལའང་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་ཉེར་སྤྱོད་རིན་ཐང་ལྡན་ཡོད་ཅེས་གསུངས་པ་རེད།

        ཉིན་དེར། བྱེད་སྒོ་གཙོ་གཉེར་བྱེད་མཁན་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གཞུང་དོན་ཁང་། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་སོགས་ཚན་པར་དཔེ་ཚོགས་སྤྲད་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་འགོ་ཁྲིད་ཀྱིས《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང་》གི་རྩོམ་པ་པོ་ལྕགས་ཐར་རྒྱལ་དང་། རྟ་མགྲིན་རྒྱལ།  རིན་ཆེན་བཀྲ་ཤིས།  ཕུན་ཚོགས་བཀྲ་ཤིས།  བསོད་ནམས་ཚེ་རིང་།   བུམ་པ་རྒྱལ་བཅས་ལ་མཇལ་དར་སྒྲོན་ཡོད།

        གོང་གསལ་གྱི་བྱེད་སྒོ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1