བསྒྲུབ་བྱའི་སྐོར་གྱི་དོགས་སློང་།

ལི་ཐང་ཚེ་དབང་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལའི་བོན་གྱི་དྲ་བ་ལས་དྲངས། སྤེལ་དུས། 04-24


     ནང་དོན་གནད་བསྡུས། ཁྱོད་བོན་དེ་ཡིན་པ་ཙམ་གྱིས་ཁྱོད་བོན་དེ་ཉིད་བསྒྲུབ་བྱར་རུང་མིན་དང་།  བསྒྲུབ་བྱའི་མཚན་ཉིད་ཟུར་གྱི་གྲུབ་བསལ་མེད་པ་ཞེས་པའི་གྲུབ་བསལ་ཡོད་མེད་དེ་རྒོལ་བ་ལ་ལྟོས་ནས་འཇོག་དགོས་པ་དང་། རྟགས་ཡང་དག་ཡིན་པ་ལ་བོན་ཅན་གཞི་གྲུབ་པ་ཞིག་དགོས་མིན་སོགས་ཀྱི་སྐོར་ལ་དོགས་གཞི་དང་འབྲེལ་བའི་སྒོ་ནས་གླེང་བ་ཞིག་ཡིན།

   དང་པོ་བསྒྲུབ་བྱའི་ངོ་བོ་ནི༼བསྟན་བཅོས་ཆེན་པོ་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྟགས་རིགས་ཀྱི་དགོངས་དོན་གསལ་བར་བཤད་པ་གཏན་ཚིགས་རིགས་པའི་རྣམ་བཞག་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བའི་གཞུང་ལས ༽  ཚོགས་དོན་གྲུབ་བསལ་མེད་པ་གང་ཞིག་དཔག་འདོད་ཡུལ་དུ་བྱེད་པ་དེ་བསྒྲུབ་བྱའི་མཚན་ཉིད་གསུངས་པ་དང་། ༼ ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་གཞུང་ལས ༽  རང་ལྡོག་གྲུབ་བསལ་མེད་ཅིང་རྟགས་ཀྱི་གོ་བྱ་བཟུང་བ་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་ཞེས་གསུངས་སོ། ། རྟགས་ཡང་དག་གི་སྒྲུབ་བྱ་ཡིན་པ་ལ་བོན་དང་བོན་ཅན་གྱི་ཚོགས་པ་གྲུབ་དགོས་མིན་དང་། རྟགས་དེ་ལ་བརྟེན་ནས་གང་བཀོད་པའི་བོན་ཅན་སྟེང་དུ་སྒྲུབ་བྱའི་བོན་གྲུབ་དགོས་པ་དང་། བསྒྲུབ་བྱ་ཡིན་པ་ལ་བོན་ཅན་གཞི་གྲུབ་དགོས་མིན་སོགས་ཀྱི་སྐོར་ནས་ཅུང་ཙམ་ཞིག་བཤད་ན། རང་ལུགས་ལ། ཁྱོད་བོན་དེ་ཡིན་ན་ཁྱོད་བོན་དེ་ཡིན་པར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་མི་དགོས་པར་སྙམ། ཁ་ཅིག་གིས། ཁྱོད་བོན་དེ་ཡིན་ན་ཁྱོད་བོན་དེ་ཡིན་པར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་དགོས་ཟེར་ན། དཔེར་ན་ཀ་བ་དེ་ཀ་བའི་རང་ལྡོག་ཡིན་པ་ལ། ཀ་བ་དེ་ཀ་བའི་རང་ལྡོག་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་དགོས་པ་ཐལ་བ་དང་། ཡང་སྒྲ་རྟག་པ་བསྒྲུབ་བྱ་ཡིན་པས་སྒྲ་རྟག་པ་བསྒྲུབ་བྱར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་པ་སོགས་མང་དུ་ཐལ་ལོ། ། ཁ་ཅིག་གིས། སྒྲ་རྟག་པ་བསྒྲུབ་བྱར་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་མེད་པའི་ཕྱིར་དེ། ཡོད་ན། སྒྲ་རྟག་པ་བོན་ཅན   སྒྲུབ་བྱ་ཡིན་ཏེ།   རང་ལྡོག་གྲུབ་བསལ་མེད་ཅིང་རྟགས་ཀྱི་གོ་བྱ་བཟུང་བའམ་ཚོགས་དོན་གྲུབ་བསལ་མེད་པ་གང་ཞིག་དཔག་འདོད་ཀྱི་ཡུལ་དུ་བྱེད་པ་ཡིན་པའི་ཕྱིར་ཟེར་དགོས་པས། ཚོགས་དོན་གྲུབ་གསལ་མེད་པ་མ་ཡིན་པའི་ཕྱིར། གྲུབ་པ་མེད་པ་དང་བསལ་བ་མེད་པ་ཞེས་པའི་གསལ་བ་ཡོད་པའི་ཕྱིར་ཏེ། སྤྱིར་ཚད་མས་བསལ་བ་ཡོད་བའི་ཕྱིར། ཞེས་ཟེར་མཁན་ཡོན་རུང་། འདི་གྲུབ་བསལ་ཡོད་མེད་དེ་རྒོལ་བ་ལ་ལྟོས་དགོས་པར་སྣང་བས། རྒོལ་བ་ལ་ལྟོས་ཏེ་ཚད་མས་བསལ་བ་མེད་པའི་ཕྱིར།   མ་ཚད  ༼ ཚད་མ་རང་འགྲེལ་ལས ༽  མཁས་པ་ཁ་ཅིག་གིས་ནི་གྲུབ་པ་མེད་པ་ནི་ཚད་མའི་སྟོབས་ཀྱིས་མ་ངེས་པའོ།  བསལ་བ་མེད་པ་ནི་ཚད་མས་བཀག་མ་ཟིན་པ་ལ་སོགས་སུ་བཞེད་དོ། ། ཞེས་དང་།   ༼ འ་ཞལ་གཞོན་རྒྱལ་གྱིས ༽  དེ་ཡང་མ་གྲུབ་པ་ཚད་མ་སྔར་རྟོགས་ཀྱི་བྱེད་པ་ཉམས་པའི་དོན་མ་ཡིན་པ་ལ་བྱའོ། ། མ་བསལ་བ་ནི་ཚད་མས་དངོས་སུ་མ་བསལ་བ་ལ་བྱའོ།། ཞེས་གསུངས་སོ། ། ཡང་ཁ་ཅིག་གིས། སྒྲ་རྟག་པ་བོན་ཅན། བསྒྲུབ་བྱ་ཡིན་ཏེ།  ཚོགས་དོན་གྲུབ་བསལ་མེད་པ་གང་ཞིག་དཔག་འདོད་ཀྱི་ཡུལ་དུ་བྱེད་པའམ།  རང་ལྡོག་གྲུབ་བསལ་མེད་ཅིང་རྟགས་ཀྱིས་གོ་བྱར་བཟུང་བ་ཡིན་པའི་ཕྱིར། ཞེས་པའི་རྟགས་དེ་རྟགས་ཡང་དག་ཡིན་ཟེར། དེ་རྟགས་ཡང་དག་དུ་འདོད་མི་ནུས་ཏེ།  རྟགས་དེ་གང་བཀོད་པའི་བོན་ཅན་དེའི་སྟེང་དུ་ཅི་ལྟར་བཀོད་པ་བཞིན་དུ་གྲུབ་དགོས་པས།   རྟགས་དེ་བོན་ཅན་སྟེང་དུ་ཇི་ལྟར་བཀོད་པ་བཞིན་དུ་མ་གྲུབ་ཏེ། དེ་གྲུབ་པ་ལ།  བོན་ཅན་གཞི་གྲུབ་དགོས་པའི་ཕྱིར།  མི་དགོས་ཟེར་ན། བོན་ཅན་གཞི་གྲུབ་དགོས་ཏེ། ༼ ཚད་མ་ཀུན་བཏུས་ལས ༽  སྐབས་སུ་བབ་པའི་བོན་ཅན་ནམ་ཤེས་འདོད་བོན་ཅན་གྱི་མཚན་ཉིད་ནི། བསྒྲུབ་བྱ་མ་གྲུབ་ཀྱི་སྔར་རང་ལྡོག་ཚད་མས་ངེས་པ་བོན་གྲུབ་བསལ་མེད་ཅིང་རྟགས་ཀྱི་གོ་བྱའི་གཞིར་བཟུང་བ།   ཞེས་གསུངས་སོ། ། སྐབས་སུ་བབ་པའི་བོན་ཅན་ཡིན་ན་བསྒྲུབ་བྱ་མ་གྲུབ་ཀྱི་སྔར་རང་ལྡོག་ཚད་མས་ངེས་དགོས་པ་གང་ཞིག་སྒྲ་རྟག་པའི་རང་ལྡོག་ཚད་མས་ངེས་རྒྱུ་མེད་ཏེ།  ཁྱོད་ཚད་མས་མ་དམིགས་པའི་ཕྱིར།  གཞན་ཡང་། དཔེར་ན་རི་བོང་རྭ་བོན་ཅན། བདག་མེད་ཡིན་ཏེ། བདག་ཚད་མས་མ་དམིགས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་རྟགས་ཡང་དག་ཐལ་བ་ལས། རྟགས་དེ་ཡང་དག་གིས་རྟགས་མ་ཡིན་ཏེ། ཚུལ་གསུམ་མ་ཡིན་པའི་ཕྱིར་དེ། ཕྱོགས་བོན་མ་ཡིན་པའི་ཕྱིར། རྟགས་དེ་ཕྱོགས་བོན་ཡིན་ན། རྟགས་རྩོད་གཞིའི་སྟེང་དུ་གྲུབ་ནས་བསྒྲུབ་བྱ་ལ་ཤེས་འདོད་ཞུགས་དགོས་པ་གང་ཞིག་དེའི་བསྒྲུབ་བྱར་ཤེས་འདོད་ཞུགས་ན། རི་བོང་རྭའི་སྟེང་དུ་བདག་ཚད་མས་མ་དམིགས་པ་གྲུབ་ནས་རི་བོང་རྭ་དེ་བདག་མེད་ལ་ཤེས་འདོད་ཡོད་དགོས་པས། དེ་ལྟར་དུ་ཁས་ལེན་མི་རིགས་ཏེ། ༼ བསྟན་བཅོས་ཆེན་པོ་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྟགས་རིགས་ཀྱི་དགོངས་དོན་གསལ་བར་བཤད་པ་གཏན་ཚིགས་རིགས་པའི་རྣམ་བཞག་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བའི་གཞུང་ལས ༽  བོན་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་རྟགས་དེ་ལ། གང་ཟག་གི་བདག་བོན་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་དང་ཀུན་ནས་མཚུངས་པས་སོ། ། རང་ལུགས་ལ། བསྒྲུབ་བྱ་ཡིན་ན། བོན་དང་བོན་ཅན་གྱི་ཚོགས་དོན་ཡིན་དགོས་མི་དགོས་གཉིས་ཡོད་དེ།།  ཀུན་རྫོབ་ཡོངས་གཅོད་ཀྱི་བསྒྲུབ་བྱ་དང་།  དོན་དམ་རྣམ་བཅད་ཀྱི་བསྒྲུབ་བྱའོ། ། དང་པོ་ནི། དཔེར་ན་སྒྲ་མི་རྟག་པ་བཞིན།   གཉིས་པ་དབྱིངས་ཉིད་ལྟ་བུའོ། ། དང་པོ་ལ་བོན་དང་བོན་ཅན་གྱི་ཚོགས་པ་ཞིག་དགོས་ཏེ། ༼ ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་ཞེས་བྱ་བའི་གཞུང་ལས ༽    བོན་དང་བོན་ཅན་གྱི་ཚོགས་དོན་རྟགས་འགོད་པས་གྲུབ་བསལ་མེད་ཅིང་དཔག་འདོད་དུ་བྱས་པའོ། ། དེ་ཡང་ཚོགས་དོན་གཅིག་དགོས་ཏེ། བོན་དང་བོན་ཅན་རྐྱང་པས་བསྒྲུབ་བྱར་མི་རུང་བས་སོ། ། ཞེས་གསུངས་སོ། ། ཡང་དེ་ཉིད་ལས། བོན་དང་བོན་ཅན་སོ་སོར་བ་ནི་བསྒྲུབ་བྱ་བཏགས་པ་བ་ལ། དེ་གཉིས་ཀྱི་ཚོགས་དོན་ནི་བསྒྲུབ་བྱ་མཚན་ཉིད་པའོ། ། ཞེས་གསུངས་སོ། ། དེ་དག་ནི་ཀུན་རྗོབ་ཕྱོགས་ཀྱི་བསྒྲུབ་བྱར་དགོངས་དགོས་པར་སྣང་ངོ་། ། གཉིས་པ་ལ་བོན་དང་བོན་ཅན་གྱི་ཚོགས་དོན་ཞིག་མི་དགོས་ཏེ། ༼ ཚད་མ་ཀུན་བཏུས་ལས ༽  བསྒྲུབ་བྱ་ཙམ་གྱི་མཚན་ཉིད་ནི། རང་ལྡོག་གྲུབ་བསལ་མེད་ཅིང་རྟགས་ཀྱི་གོ་བྱར་བཟུང་བ་གསུངས་པ་དང་། མཚོན་བྱ་དངོས་དང་དབྱིངས་ཉིད་དང་།  གང་ན་ཡོད་མེད་མ་ཟིན་པ། རྗེས་སུ་དཔག་པར་བྱ་བའོ། ཞེས་གསུངས་པའི་ཕྱིར།  གཞན་ལུགས ༼ ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི ༽  ༼ སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད་པ་ཞེས་བྱ་བའི་གཞུང་ལས ༽  བསྒྲུབ་བྱ་ཡང་དག་ལ་རྣམ་བཅད་ལ་ལྟོས་ཏེ་ལྔ་བསྟན་པ།  ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ།  ཞེས་བཤད་པ་ཡང་ཡོད་དོ། ། སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དང་།   ཕྱོགས་དང་།   གཞལ་བྱ་དང་།   དམ་བཅའ་རྣམས་མིང་གི་རྣམ་གྲངས་ཡིན་ཏེ། ༼ ཚད་མ་རྣམ་འབྱེད་ལས ༽ རྟགས་དང་ཤེས་འདོད་རྗེས་དཔག་དང་།  ཕྱི་རྒོལ་ལ་ནི་བཀོད་པ་ལས།  བསྒྲུབ་བྱ་ཕྱོགས་དང་གཞལ་བྱ་དང་།   དམ་བཅའ་ཞེས་སུ་ཐ་སྙད་བཏགས་ཞེས་གསུངས་པའི་ཕྱིར།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1