༄༅།། བག་མ་བསུ་མཁན་གྱི་གཡང་བཤད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 04-27


  འོ་ལགས་སོ། དེ་རིང་གནམ་ལ་སྐར་མ་བཟང་།། དེ་རིང་ས་ལ་དུས་ཚོད་བཟང་།། དེ་རིང་བར་ན་བཀྲ་ཤིས་བཟང་།། དེ་རིང་བཟང་གསུམ་རྟེན་འབྲེལ་འགྲིག། ངའི་དྲི་མེད་རས་དཀར་གཡང་ཁུག་འདི།། འཛམ་གླིང་གཡང་གི་བང་མཛོད་ཡིན།། ཁ་དོག་དཀར་པོར་འདུག་པ་འདི།། གཙང་རིགས་ཀྱི་ཁ་འཛིན་ཡོད་པའི་རྟགས།། རིན་ཆེན་རིས་ཀྱིས་སྤྲས་པ་འདི།། འདོད་རྒུ་ཡིད་བཞིན་འབྱུང་བའི་བརྡ།། ཉི་ཟླ་གཉིས་ཀྱིས་བརྒྱན་པ་ནི། སྙན་གྲགས་འཛམ་གླིང་ཁྱབ་པའི་བརྡ།། ཕྱི་རིམ་ལྕགས་རིས་བསྐོར་བ་ནི།། མི་མཐུན་གཡུལ་ལས་རྒྱལ་བའི་དོན།། ནང་ན་འདུག་པའི་གཡང་ཆ་འདི།། ཨ་ཡག་ནས་ཀྱི་ཕ་དང་གཅིག། དར་ཡག་ནས་ཀྱི་མ་དང་གཉིས།། རྒྱ་མོན་ནས་ཀྱི་བང་མཛོད་གསུམ།། འབྲུ་ཁ་ར་ནས་ཀྱི་གཡོག་མོ་བཞི།། ཁྲ་བོ་ནས་ཀྱི་ཞང་བོ་ལྔ།། དམར་ཁྲ་ནས་ཀྱི་ཁུ་བོ་དྲུག། སྔོ་ཆུ་ནས་ཀྱི་དགེ་མ་བདུན།། བདུན་གསུམ་འཛོམས་པའི་འབྲུ་རིགས་ཡིན།། དང་བོ་བྱུང་ཁུངས་ཤེས་མ་ཤེས།། དང་བོ་འབྱུང་ཁུངས་མ་ཤེས་ན།། འོག་ཕྱོགས་ཀླུ་ཡི་ཡུལ་ནས་བྱུང་།། དབུ་ནག་མི་ཡིས་རེ་འབོད་བྱས།། ཞེ་བུ་ཁྱི་ཡིས་གདན་འདྲེན་ཞུས།། སྒང་བ་བོད་ཀྱིས་ལོངས་སུ་སྤྱད།། དེ་ལ་སྦྲང་དཀར་རྩམ་པ་བྱུང་།། སྐྱེ་འགྲོ་གསོ་བའི་ཉིང་བཅུད་ཡིན།། ལྷ་སྲུང་མཆོད་པའི་ཕུད་ཅིག་ཡིན།། གཡང་ཁུག་ནས་ཀྱིས་གང་བ་འདི། མི་ནོར་ཟས་གསུམ་གང་བའི་བརྡ།། བཙན་ཕྱུག་འཕན་གསུམ་གང་བའི་བརྡ།། ཕྱྭ་གཡང་དཔལ་གསུམ་གང་བའི་བརྡ།། ཤེས་རིག་ཡོན་ཏན་གང་བའི་བརྡ།། དཔལ་འབྱོར་ལོངས་སྤྱོད་གང་བའི་བརྡ།། སྟེང་དུ་སྒྲོན་པའི་མདའ་དར་འདི།། གཡང་ར་བ་སྒོ་བཞིའི་གཞི་རྟེན་ཡིན། མདའ་སྟོང་གནམ་དུ་བསྟན་པ་འདི།། མངའ་ཐང་དགུང་དང་མཉམ་པའི་བརྡ།། སྒྲོ་མིག་ཐང་གསུམ་སྒྲོན་པ་འདི།། མི་ནོར་ཟས་གསུམ་འཕེལ་བའི་རྟགས།། སྨྱུག་མ་ཚིག་གསུམ་ཡོད་པ་འདི།། ལུས་ངག་ཡིད་གསུམ་བཟང་བའི་རྟགས།། མཚལ་དམར་མདངས་དང་ལྡན་པ་འདི།། གཟི་བརྗིད་བཀྲག་མདངས་ལྡན་པའི་བརྡ།། མདེའུ་ལྕགས་ལ་བྱས་པ་འདི།། ཚེ་སྲོག་ལྕགས་ལས་སྲ་བའི་རྟགས།། དར་ཚོན་སྣ་ལྔས་བརྒྱན་པ་འདི།། འགོ་བའི་ལྷ་ལྔས་སྐྱོབས་པའི་བརྡ།། དེ་རིང་འདི་རུ་རྟེན་བཙུགས་པས།། ཕོ་སྲོག་བྲག་ལས་སྲ་བར་ཤོག། མོ་རྒྱུད་དར་ལས་འཇམ་པར་ཤོག། གཡང་ར་སྒོ་བཞི་འཁོར་བར་ཤོག། བཙན་ཕྱུག་འཕན་དར་འཛོམས་པར་ཤོག། མི་ནོར་ལོངས་སྤྱོད་རྒྱས་པར་ཤོག། དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག། རང་རང་གང་ལ་མོས་པའི་ཤིས་སྨོན་བརྗོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1