༄༅།།དགེ་སློང་གི་འཚོ་བའི་ཡོ་བྱད་ཀྱི་སྐོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ་ལས་དྲངས། སྤེལ་དུས། 04-27


༄༅། །འདི་ལ་རྣམ་ཕྲན་ཉེར་ལྔ་དང་། གླེགས་བུ་ཕྱེད་དང་ལྔ་རེ་ཡོད་པས་ནི་འཕགས་ལམ་ཡན་ལག་བརྒྱད་དང་། ཡན་ལག་བདུན། དབང་སྟོབས་བཅུ། ལྕགས་རི་དྲན་ཉེ་སོགས་གསུམ་སྟེ་བྱང་ཆོས་སོ་བདུན་དྲན་གསོ་བའི་རྟེན་ནོ། །

འདི་ལ་གླེགས་བུ་ཕྱེད་དང་གསུམ་རེ་ཡོད་པས་ནི་བྱང་ཆུབ་ཡན་ལག་བདུན་དང་། དེའི་ངོ་བོར་གྱུར་པའི་མཉམ་བཞག་སོགས་ཀྱི་དྲན་པ་གསོ་བའི་རྟེན་ནོ། ། འདི་ལ་གླེགས་བུ་ཕྱེད་དང་གཉིས་རེ་ཡོད་པས་ནི་དབང་སྟོབས་ལྔ་དྲན་པ་གསོ་བའི་རྟེན་དུ་མཚོན་པ་ཡིན་ནོ། །སྤྱིར་གོས་ལ་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་ཡོད། ལྕགས་རི་དྲན་ཉེ་བཞི་དང་། གླེགས་བུ་ཕྱེད་དང་གཉིས་ནི་ཡང་དག་སྤོང་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་དྲན་པ་གསོ་བའི་རྟེན་དུ་གསུངས་སོ། །

ལྷུང་བཟེད་ནི་ཡོ་བྱད་ངན་ངོན་ཙམ་དང་། ཟས་བསོད་སྙོམས་དང་། འདོད་ཆུང་ཆོག་ཤེས་སོགས་མཐའ་གཉིས་སྤོངས་པའི་དགེ་སྦྱོང་གི་ཆོས་དྲན་པའི་རྟེན་དུ་གནང་བའི་ཡོ་བྱད་ཡིན། སྟོན་པའི་ཕྱག་ན་ལྷུང་བཟེད་བསྣམས་པའི་དོན་ཡང་དེ་དང་འདྲ་ཞིང་བདུད་རྩིས་གང་བས་ཐུགས་རྒྱུད་ཡོན་ཏན་གྱིས་གང་བ་མཚོན་ཏེ། ཕྱི་དགེ་སྦྱོང་གི་སྤྱོད་པ་ཞི་དུལ་ལ་ནང་ཡོན་ཏན་གྱི་ཆ་ཡོངས་སུ་རྫོགས་པ་སྟོན་ནོ། །

ཆུ་ཚགས་ནི་ལོངས་སྤྱོད་པའི་ཆུར་གནས་པའི་སེམས་ཅན་གཟུགས་ཕྲ་བ་མཐོང་མི་ཐུབ་པའི་ཚོགས་ལ་གནོད་པ་མི་བྱེད་པའི་དོན་ཏེ། སངས་རྒྱས་ཀྱི་བསྟན་པ་ནི་གང་གི་ཐད་ནས་ཀྱང་སྙིང་རྗེས་ཀུན་ནས་བསླངས་དགོས་པས། ཆུར་གནས་སྲོག་ཆགས་རྣམས་ལ་མི་གནོད་ཅིང་སྙིང་རྗེ་བ་མཚོན་པ་ཡིན།

འཁར་གསིལ་ནི་དུམ་བུ་གསུམ་དུ་ཡོད་པས་བསླབ་པ་གསུམ་དང་། བར་གསོམ་ཤིང་གིས་བྱས་པ་ནི་སེམས་རྒྱུད་དྲང་ཞིང་འཇམ་དགོས་པའི་རྟགས། མ་རྩེར་རྒྱ་མདུད་ཡོད་པ་ནི་ངན་སོང་གི་སྒོ་གཅོད་པ། སྨད་ལ་བདུན་གཞོགས་ཡོད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། སྟོད་ལ་བརྒྱད་གཞོགས་ཡོད་པ་འཕགས་ལམ་ཡན་ལག་བརྒྱད་། རྩེ་མོར་རྭ་བཞི་ཡོད་པ་བདེན་བཞི། རྭ་རེ་ལ་ཨ་ལུང་གསུམ་སྟེ། བཅུ་གཉིས་ཡོད་པ་གསུང་རབ་ཡན་ལག་བཅུ་གཉིས། མཆོད་རྟེན་གཉིས་ཀྱི་ཐབས་ཤེས་གཉིས་དང་སྐུ་གཉིས་ཏེ་རྒྱུ་འབྲས་ཀྱི་ལམ་ཆ་ཚང་མཚོན། ལྕགས་ཀྱུས་ནི་གདུལ་བྱ་ཐར་པར་འདྲེན་པའི་འཕྲིན་ལས་མཚོན་ཏེ། ཚུལ་དེ་ལྟར་དྲན་པའི་རྟེན་དུ་བྱས་པ་ཡིན་ནོ། །

རྡོ་རྗེ་མཚོན་བྱེད་དཔེ་སྟེ་དེའི་དོན་ནམ་མཚོན་བྱ་གང་ཞེ་ན། ཡུལ་སྟོང་ཉིད་དང་ཡུལ་ཅན་བདེ་ཆེན་ཡེ་ཤེས་དབྱེར་མེད་པའི་བྱང་ཆུབ་ཀྱིས་སེམས་དང་། དེ་ཉིད་ལ་ཡང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་སྟེ་གནས་སྐབས་ཀྱི་ལྔར་ཡོད་པ་དང་། དང་པོའི་དབང་དུ་བྱས་ན་བསྐྱེད་རིམ་པའི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི་མཚོན་བྱ་དོན་གྱི་རྡོ་རྗེ་དང་། གཉིས་པ་རྫོགས་རིམ་པའི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་མོས་སྤྱོད་ཀྱི་སས་བསྡུས་པའི་དེ་དང་། གསུམ་པ་དོནགྱི་འོད་གསལ་གྱི་སྐབས་སུ་བདེན་འཛིན་ཉོན་མོངས་སུ་བྱས་པའི་ས་བོན་དང་བཅས་སྤངས་པའི་ཡེ་ཤེས་དེ་དང་། བཞི་བ་གཉིས་སྣང་འཁྲུལ་བའི་བག་ཆགས་རིམ་གྱིས་བཅོམ་པའི་ཡེ་ཤེས་དེ་དང་། ལྔ་བ་འབྲས་བུ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ་རྡོ་རྗེ་སྟེ། ལྔ་ནི་རྭ་ལྔའོ། །རྭ་དགུའི་དབང་དུ་བྱས་ན། ཕུང་པོ་ལྔ་དང་ཁམས་བཞི་དག་པའི་ཚད་མེད་བཞི་སྟེ་དགུའོ། །དེ་ཕྱིར་སྔགས་ཉམས་ལེན་གྱི་སྐབས་ཀུན་ཏུ་རྡོ་རྗེའི་ཕྱག་མཚན་དང་ཕྱག་རྒྱ་མཛད་པ་དང་། རྡོ་རྗེའི་ཐ་སྙད་སྐབས་ཀུན་ཏུ་ཡོད་པ་རྣམས་ཀྱི་དོན་ཡང་འདི་ལྟར་ཡིན་པས་གོ་བར་བྱའོ། །

དྲིལ་བུའི་ཁོག་པ་སྟོང་བ་ནི། དྲིལ་བུའི་སྒྲས་སྟོང་ཉིད་སྒྲོགས་པར་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མཚོན་པ་དང་། བྱེད་པ་དང་། དབུས་ཀྱི་ཟུར་བརྒྱད་པའི་དབྱུག་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་དང་། དྲིལ་བུའི་སྟོང་བ་གང་གི་དབུས་ཡིན་པ་དེ་ནི་དྲིལ་བུའི་གཟུགས་ཏེ་འདོད་ཁམས་དང་། དེའི་སྟེང་ཁ་འོག་ཏུ་ཕྱོགས་པའི་པད་མ་རྒྱས་པ་ལས་བྱུང་བའི་ངོ་བོ་གཟུགས་ཁམས་དང་། པད་བསྐོར་པའི་སྟེང་དུ་གཟུགས་མེད་སྲིད་པའི་ཕྱོགས་གཟུགས་མེད་པའི་ཁམས་མཚོན་པས་ན། དོན་ལ་ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་མེད་པར་སྟོན་པ་དང་། དེ་ཕྱིར་གསུང་གི་བདག་རྐྱེན་གཙོ་བོ་ཤེས་ཆེད་བུམ་སྟེང་ཤེར་ཕྱིན་མ་དང་། རྡོ་རྗེ་དབྱིངས་ཀྱི་དང་ཕྱུག་མ། རྡོ་རྗེ་སྙེམས་མ་སོགས་བཅོམལྡན་འདས་མ་དག་གི་ཞལ་བྱས་པ་དང་། རྡོ་རྗེ་སྒོ་ང་ནི་བདེ་ཆེན་ཡེ་ཤེས་མཚོན་པ་དང་། རྡོ་རྗེ་རྭ་ལྔ་ནི་བདེ་ཆེན་ཡེ་ཤེས་མཐར་ཐུག་པའི་ཆ་གཟུང་རྣམ་རྡོ་རྗེ་སེམས་དཔའ་རིགས་ལྔའི་རྣམ་པར་ཤར་བ་རྣམས་མཚོན་ཏེ་མཐར་ཐུག་གི་ཡེ་ཤེས་ལྔའོ། །དེ་གཉིས་མཉམ་པར་འཆང་བ་ནི་ཟུང་འཇུག་གི་མཚོན་བྱེད་དུ་ཤེས་དགོས་སོ། །

༄༅། །ཅང་ཏེའུ་ནི། སྐྱེས་པ་ལོ་བཅུ་དྲུག་པ་དང་། བུད་མེད་ལོ་བཅུ་གཉིས་པའི་ཐོད་པ་སྤྱི་སྤྲད་ལ་སྤྲེའུའི་པགས་པས་གཡོགས་པའི་ཕྱི་ནང་ལ་འདོད་ལྷའི་སྔགས་དང་ཕྱག་མཚན་སོགས་བྲིས་ཏེ་སྟེང་འོག་མི་ནོར་བ་བྱས། དེའི་སྟེང་དུ་སྐྲའི་སྐུད་པའི་རེའུ་མིག་ཆོས་འབྱུང་ལྟ་བུ་སྟེང་འོག་ཏུ་བཅུ་དྲུག་རེ་བྱེད་དགོས་ཏེ། དེ་དག་གིས་རང་གི་འདོད་ལྷ་ཡབ་ཡུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་དགའ་བ་བཅུ་དྲུག་སོགས་མཚོན་པས་ན། ཤེས་རབ་ཌ་མ་རུ་ཡི་སྒྲ། ཞེས་པ་སོགས་ཀྱང་དེ་བཞིན་ནོ། །དེ་ལྟར་གཞན་ཡང་ཁ་ཊཾ་ག་དང་། ལས་མཐུན་གྱི་བགྲང་ཕྲེང་། གཙུག་ཏོར། རིན་པོ་ཆེའི་པྲོག་ཞུ། དར་དཔྱངས། ཨུད་པ་ལའི་གདེངས་ཀ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། རིན་པོ་ཆེའི་དོ་ཤལ། འོག་པག རྣལ་འབྱོར་པའི་ལྷུང་བཟེད་ཐོད་པ། རོ་གདན་སྟག་ལྤགས། དུར་ཁྲོད་ཀྱི་རས་གདན་ལ་སོགས་རྣལ་འབྱོར་པའི་ཡོ་བྱད་གང་ཡོད་ཐམས་ཅད་ཀྱང་ཕྱི་དངོས་པོའི་མཚན་ཉིད་དང་ནང་གི་སེམས་ཀྱི་དམིགས་དོན་དང་སྦྱར་ཏེ་ལྷ་དེ་དང་དེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གང་རུང་གི་མཚོན་བྱེད་དུ་རྒྱུད་སྡེ་རྣམས་སུ་གསལ་བར་གསུངས་པ་ཡིན་པས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་ཡིན་གྱི། ཡོ་བྱད་ཕལ་བ་མིན་པ་རྒྱས་པར་རྣལ་འབྱོར་རོལ་བའི་དགའ་སྟོན་སོགས་ལས་ཤེས་པར་བྱའོ། །

༄༅། །ཁ་ཊཾ་ཀ་ནི། དབྱུག་པའི་རྩེར་སྣ་ཚོགས་རྡོ་རྗེ་དང་བུམ་པ་མི་མགོ་སུམ་བརྩེགས་ཀྱི་སྟེང་དུ་རྩེ་གསུམ་བྱེད་པ་དང་། རྩེ་གསུམ་གྱི་ཚབ་ཏུ་རྡོ་རྗེ་བྱེད་པ་དང་། མི་མགོ་སུམ་བརྩེགས་ཀྱི་སྟེང་དུ་རྩེ་གསུམ་དང་ཡང་ན་རྡོ་རྗེ་མཚན་པ་དང་། དེའི་མགུལ་དུ་དར་གྱི་འཕན་ལྕེ་གསུམ་པ་བྱེད་པ་སོགས་མི་འདྲ་བ་མང་ཡང་གང་མོས་བྱས་ཆོག་པ་འདྲ། དེ་ཡང་། ཁ་ཊཾ་ཀ་ནི་ལྷ་ཡི་སྐུ། ཞེས་གསུངས་པ་ལྟར་རོ། །

ཚངས་སྐུད་ནི། ཕྲག་པ་གཡོན་ནས་མཆན་ཁུང་གཡས་སུ་ག་ཤལ་དུ་འཆང་བ་ཞིག་སྟེ། གཏུམ་མོའི་དྲོད་ཀྱིས་སྦར་བའི་བདེ་ཆེན་ཡེ་ཤེས་མཚོན་པའོ། །

ནང་མཆོད་ཅེས་པ་ནི། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་བྱངཆུབ་ཀྱི་སེམས་སྤེལ་བའི་རྫས་རྣམས་དེ་བཞིན་གཤེགས་པ་ལྔ་དང་གཤེགས་མ་ལྔ་སྟེ། དེ་དག་གི་ཐུགས་རྒྱུད་ཀྱི་ཡེ་ཤེས་ལྔས་སྦྱངས་རྟོགས་སྦར་གསུམ་བྱས་ནས་བྱིན་གྱིས་བརླབས་པ་རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཟག་མེད་ཀྱི་བདེ་བ་བསྐྱེད་པའི་མཆོད་རྫས་སུ་གྲུབ་པའོ། །དེ་ཡང་རང་གི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་སྐྱེད་བྱེད་ཀྱི་མཆོད་པའམ། །རྣལ་འབྱོར་པས་ནང་ཏིང་ངེ་འཛིན་གྱི་གསལ་སྣང་གིས་བསྒྲུབས་པའི་མཆོད་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ནང་མཆོད་ཀྱི་སྒྲུབ་གཞི་ལའང་ལྷ་རང་རང་གི་ཐུན་མོང་མ་ཡིན་པའང་ཡོད་མོད། འོན་ཏེ་གང་ཡིན་ཀྱང་དངོས་གྲུབ་སྒྲུབ་བྱེད་ཡིན་པ་ལ་ཁྱད་པར་ཅི་ཡང་མེད་དོ། །

དེ་ཡང་བླ་མེད་ཀྱི་ལམ་གྱིས་ཐ་མལ་སྣང་ཞེན་སྤང་བྱའི་གཙོ་བོ་བྱས་ཏེ་བདེ་སྟོང་གི་ལམ་བསྒོམས་པས་འབྲས་བུ་ཡོངས་དག་བཞི་འགྲུབ་པ་ཡིན་ལ། དེ་ཡང་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་གཙོ་ཆེ་ཞིང་།  བདེ་ཆེན་ཡེ་ཤེས་ཀྱི་བསྒྲུབ་གཞིའི་གཙོ་བོ་སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་རླུང་ཐིག་ལེ་གསུམ་ཡིན། དེ་གང་དུ་ཡོད་པའི་རྟེན་ནི་ཐོད་པ་ཡིན་པའི་རྒྱུ་མཚན་གྱིས་དག་པའི་སྣོད་བཅུད་སྒྲུབ་པ་ཐོད་པའི་སྣོད་བྱེད་པར་གནས་ལུགས་ཟབ་མོ་ཞིག་དང་། རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡོད། ཐོད་པ་ཕྱི་དཀར་བས་བདེ་བ་དང་ཆོས་ཉིད་མཚོན། ནང་དམར་བས་སྟོང་ཉིད་དང་སྙིང་རྗེ་མཚོན། དུམ་བུ་གཅིག་པས་ཚེ་གཅིག་ལ་ཟུང་འཇུག་འགྲུབ་པའི་རྟེན་མཚོན་པར་གསུངས་ཏེ། མདོར་ན་ཐོད་པས་ཆོས་མགོ་འཆི་བ་མི་རྟག་པ་ནས་བཟུང་ཟུང་འཇུག་གི་བར་གྱི་ལམ་མཚོན་པར་བྱེད་པ་ཡིན་ནོ། རྣལ་འབྱོར་པའི་དམ་རྫས་རྣམས་ཀྱི་བཤད་པ་རྒྱས་པ་རྣལ་འབྱོར་རོལ་བའི་དགའ་སྟོན་སོགས་ལས་ཤེས་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1