༄༅།།འབྲུག་ཆུའི་ལྷ་ཆབ་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་ལས་དྲངས། སྤེལ་དུས། 05-05


   

 ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྦྲ་རྫོང་ཞང་ཆུ་ནག་ལུང་པའི་བྱང་རི་རྒྱབ་སྡེ་བ་བརྒྱུད་དེ་ལ་དང་ལུང་བ་བརྒལ་ཞིང་ཀྱག་ཀྱོག་གི་ལམ་འཕྲང་རྡོག་པས་མནན་ནས་ཡུན་གྱིས་རི་མགོར་འགོས་ཚེ། ལམ་བར་ཡོངས་རྫོགས་ཚང་ཚིང་གཡུ་ལོ་རབ་ཏུ་རྒྱས་ཤིང་མེ་ཏོག་སྣ་ཚོགས་ཐགས་སུ་བཀྲ། རྩེ་མོ་དགུང་ལ་ཟུག་འདྲའི་གསོམ་ཤིང་དང་དྲི་ངད་འཐུལ་བའི་ལྷ་ཤིང་ཤུག་པ། ལོ་འདབ་རབ་ཏུ་རྒྱས་པའི་སྟག་པ་སོགས་ཀྱི་དབུས་སུ་བྱ་དང་བྱིའུ་སྣ་ཚོགས་ཀྱིས་སོས་དལ་བག་ཕེབས་ངང་རང་དབང་གིས་ལྡིང་སྐོར་རྒྱག་ཅིང་། ཁུ་བྱུག་སྔོན་མོས་གསུང་སྐད་ལྷང་ལྷང་དུ་སྒྲོག་པའི་རི་ཚོགས་ཀྱི་དཀྱིལ་འཁོར་དུ་དཀན་གཟར་གྱེན་དུ་ལངས་ཤིང་སྤྲིན་དཀར་པོའི་ཐོར་ལྕོག་མནབས་པའི་བྲག་རི་ཉམས་དགའ་བ་ཞིག་ཡོད་པའི་མགུལ་དུ་ཆལ་ཆིལ་དུ་འབབ་པའི་རྦབ་ཆུ་ཞིག་ཤུགས་ཀྱིས་ས་ལ་ཟགས་བཞིན་པ་ནི་གཡང་གཟར་གྱི་བྲག་ངོས་ནས་དར་དཀར་ཞིག་ཐུར་དུ་དཔྱངས་པ་དང་གཉིས་སུ་མ་མཆིས། ས་གནས་མང་ཚོགས་ཀྱིས་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་སངས་རྒྱས་སྨན་བླའི་དུས་ཆེན་ཉིན་རང་བྱུང་གི་རྦབ་ཆུ་དེ་དུས་རྒྱུན་ལས་ཇེ་ཆེར་གྱུར་ཡོད་ཚུལ་བཤད་ལ། སྨྱུག་ཐོགས་པ་ཡུལ་དངོས་སུ་སླེབས་དུས་དད་ལྡན་མཇལ་བའི་གཡང་འབོད་དང་མ་ཎིའི་མགུར་དབྱངས་ཀྱི་སྐད་གདངས་ཇི་ལྟར་མཐོ་ན་ཆུའི་འབབ་ཚད་ཀྱང་དེ་ལྟར་ཆེ་བའི་ངོ་མཚར་བའི་རྣམ་པ་ཞིག་དངོས་སུ་མིག་གི་སྤྱོད་ཡུལ་དུ་མངོན་འོང་། ས་གནས་འདི་གའི་ངག་རྒྱུན་དུ་གནའ་སྔ་མོའི་དུས་སུ་ནམ་མཁའི་ཕོ་བྲང་གི་ལྷ་མོ་ཞིག་གནས་འདིར་ཕེབས་ནས། བོད་རིགས་ཕོ་རྒོད་ཅིག་དང་མཉམ་དུ་ནད་པ་སྨན་བཅོས་དང་དགྲ་འདུལ་གཉེན་སྐྱོང་སོགས་བྱེད་སྐབས། ཕན་ཚུན་བར་བརྩེ་དུང་ཆགས་ཤིང་བྲག་ཁུང་དེ་ནས་གཞིས་བཅོས་ཏེ་བསྡད་པ་དེར་ནམ་མཁའི་ཕོ་བྲང་གི་སྒྲིག་སྲོལ་དང་འགལ་བར་བརྟེན།  ཨ་ནེ་གུང་སྨན་རྒྱལ་མོས་ཁོང་གཉིས་འདུག་སའི་བྲག་ཁུང་དེའི་སྒོ་གཏན་དུ་བཅད་པ་དང་། ཉིན་དེར་ཏག་ཏག་བོད་ཟླ་ལྔ་པའི་ཚེས་ལྔའི་ཉིན་ལ་ཁེལ་ཡོད་སྟབས་ས་གནས་མང་ཚོགས་ཀྱིས་གཞོན་ནུ་ཕོ་མོ་ཟུང་གི་སྐྱོ་གར་ལ་གདུང་སེམས་མཉམ་བསྐྱེད་བྱས་ཏེ་བྲག་རྩ་ནས་མ་ཎི་དབྱངས་སུ་གྱེར་བ་དང་དགྲ་ལྷའི་དཔངས་བསྟོད་ཀྱི་བསང་མཆོད་བྱེད་པ། ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་འཐེན་པའི་སྐབས་སུ། བྲག་ཁུང་ནས་གློ་བུར་དུ་དྭངས་གཙང་གི་རྦབ་ཆུ་བསིལ་མ་ཞིག་བརྡོལ་བྱུང་བས་མི་རྣམས་ཀྱིས་རྦབ་ཆུ་དེ་ནི་ལྷ་མོའི་སྤྲུལ་བ་དང་ཆུ་དེའང་ལྷ་ཆབ་ཏུ་ངོས་བཟུང་ཞིང་། ད་ལྟ་ང་ཚོའི་མཐོང་སྣང་དུ་གྱུར་བའི་རྦབ་ཆུ་བརྡོལ་སའི་བྲག་ཁུང་འགྲམ་དུ་ཤུག་སྡོང་ཞིག་སྐྱེས་ཡོད་པ་དེའང་བོད་རིགས་གཞོན་ནུ་དེའི་སྤྲུལ་བར་ངོས་འཛིན་པ་སོགས་ཡིད་སྐྱོ་ལ་དུང་སེམས་ཀྱིས་ཕྱུག་པའི་ངག་རྒྱུན་སེམས་འགུལ་ཐེབས་པ་ཞིག་ཀྱང་ཡུལ་ཁམས་འདིར་རླུང་ལྟར་གྲག་གིན་ཡོད་སྐད། དེ་ལྟར་ལོ་རེའི་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་ལ་ཡུལ་ཕྱོགས་འདིའི་མི་རྣམས་རི་མཐོ་ས་གཙང་གི་གནས་ཁྱད་པར་ཅན་འདི་ལ་འཛོམས་ཤིང་ལྷ་ཆབ་བསིལ་མས་ཁྲུས་བྱས་ཏེ་ལུས་སྟེང་གི་ནད་རིགས་སྣ་ཚོགས་འདག་པ་དང་ཚེ་བསོད་རླུང་རྟ་དར་བ་སོགས་ལ་ཁ་ཞེ་གཉིས་མེད་ངང་སྨོན་ལམ་འདེབ་བཞིན་ཡོད་པས་དུས་ཆེན་འདི་ལའང་ལྷ་ཆབ་དུས་ཆེན་ནམ་ཡོངས་གྲགས་སུ་ཆུ་བཀུར་དུས་ཆེན་ཞེས་འབོད་ཀྱིན་ཡོད། ད་ལྟ་ཀན་སུའུ་ཡི་ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད།དུས་རྒྱུན་དུ་ཉིན་ཁྱད་པར་ཅན་འདི་ལ་ཡུལ་ལུང་འདི་རུ་མི་རབས་ནས་མི་རབས་བར་འཚོ་ཞིང་གཞེས་པའི་བོད་པ་རྒན་གཞོན་ཕོ་མོ་ཀུན་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་སྤྲས་ཤིང་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་བཞིན་གོ་རིམ་ལྡན་པའི་སྒོ་ནས་བསང་མཆོད་དང་ཡུལ་སྐོར། མ་ཎི་ཡིག་དྲུག་དབྱངས་སུ་གྱེར་བ། གླུ་ལེན་གར་རྩེད་བྱེད་པ། ལྷ་ཆབ་ཀྱི་ཁྲུས་ལ་རོལ་བ་དང་ས་ཕྱོགས་སྟོད་སྨད་བར་གསུམ་གྱི་ཡུལ་སྐོར་པ་མང་པོ་ཞིག་ཀྱང་གནས་འདིར་འདུས་ནས་དམངས་སྲོལ་བྱེད་སྒོ་རྒྱ་ཆེའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1