༄༅།།ཐལ་འགྱུར་ལ་ལན་ཇི་ལྟར་འདེབས་ཚུལ་སྐོར་རོབ་ཙམ་གླེང་བ།

བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 05-06


ཚད་མ་རིགས་གཏེར་ལས།“དེས་ན་མཁས་པའི་ཐལ་འགྱུར་ལན། །རྣམ་པར་ཐལ་བའི་སྒོ་བཞིས་གདབ།།ལན་གྱིས་བཟློག་པར་མི་ནུས་ན། ། དེ་ཡི་རྗེས་འབྲང་དམ་པའི་ལུགས། །”ཞེས་གསུངས་པ་ལྟར་དམ་བཅའ་སྐྱོང་བའི་སྔ་རྒོལ་གྱིས་ཕྱི་རྒོལ་ཕ་རོལ་བོ་ལ་ཐལ་བ་སོགས་འཕེན་པ་ལ། ཆོས་ཅན་ནམ་རྩོད་གཞི། གསལ་བ་རྟགས་བཀོད་པ་བཅས་ཀྱི་གནས་ཚུལ་དང་།ཕྱི་རྒོལ་ཕ་རོལ་བོ་རང་གིས་ཡིན་མིན་བློས་དཔྱད་པ་བཏང་སྟེ། འདོད་དང་མ་ཁྱབ། རྟགས་མ་གྲུབ། འགལ་ཁྱབ་སྟེ། གཙོ་བོ་རྣམ་པར་ཐལ་བའི་སྒོ་བཞིས་ལན་འདེབས་དགོས་མོད། འོན་ཀྱང་། ཐལ་འགྱུར་ཡང་དག་རྣམས་ལ་ལན་གྱིས་བཟློག་པར་མི་ནུས་ན་ཁོང་ཁྲོ་དང་འཁོན་དུ་འཛིན་པ། བདག་བསྟོད་གཞན་སྨོད། གླུ་གར་དང་བཞད་གད་དག་གིས་རིགས་པ་སུབས་པ་ནི་ཐབས་རྡུགས་པ་ཡིན་པར་མ་ཟད། རང་ཉིད་ཉམས་པའི་རྒྱུའང་ཡིན་སྟབས་བདེན་པའི་རྗེས་འབྲངས་པ་མཁས་པའི་ཆོས་ཉིད་ལགས་སོ། །

    གཅིག འདོད་ལན་འདེབས་ཚུལ་བཤད་པ།

    འདོད་ལན་འདེབས་ཚུལ་ནི་ཐལ་འགྱུར་གང་དང་གང་གིས་ཆོས་ཅན་ནམ་རྩོད་གཞིའི་སྟེང་དུ་གསལ་བ་དེ་ཉིད་གྲུབ་པ་ཞིག་ལ་ཟེར། དཔེར་ན། ཕ་རོལ་བོས། ཞ་སྨྱུག་ཆོས་ཅན།དངོས་པོ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། ཞེས་འཕངས་ན། དེ་ལ་འདོད་ལན་འདེབས་དགོས་ཏེ། འདོད་ལན་འདེབས་ཚུལ་ནི་རྩོད་གཞི་ནས་གསལ་བ་འདེབས་དགོས་ཤིང་། དོན་ལ་རང་གིས་དེ་ལྟར་འདོད་ཅེས་པ་ཡིན་ནོ། ། དེ་ལ་འདོད་ལན་བཏབ་པའི་ཚེ་ན་ཞ་སྨྱུག་དངོས་པོ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག འདོད་ལན་ཡང་ཐེབས་པ་ཡིན་ཏེ། ཞ་སྨྱུག་དངོས་པོ་ཡིན་པའི་ཕྱིར་ཏེ།

    དེ་དངོས་པོ་གསུམ་པོ་གང་རུང་ཡིན་པའི་ཕྱིར་ཏེ། ཞ་སྨྱུག་དེ་གཟུགས་ཡིན་པའི་ཕྱིར་རོ། ། གཞན་ཡང་གསལ་བ་ཙམ་བཀོད་པའི་ཐལ་འགྱུར་ལ་འདོད་ལན་འདེབས་ཚུལ་ཡོད་དེ། དཔེར་ན། རླངས་འཁོར་དངོས་པོ་ཡིན་པར་ཐལ་ཞེས་པ་ལྟ་བུ་ལ་མཚོན་ན། དེ་ལ་འདོད་ལན་འདེབས་དགོས་ཏེ། འདོད་ལན་བཏབ་པས། རླངས་འཁོར་དངོས་པོ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག དེ་ལ་འདོད་ལན་ཐེབས་པ་ཡིན་ཏེ།རླངས་འཁོར་དངོས་པོ་ཡིན་པའི་ཕྱིར། གཞན་ཡང་། རྟགས་ཙམ་བཀོད་པའི་ཐལ་འགྱུར་ལ་འདོད་ལན་འདེབས་ཚུལ་ཡོད་དེ། དཔེར་ན། དབྱིན་ཡིག་ཡིན་ན་ཡི་གེ་ཡིན་པས་ཁྱབ་པའི་ཕྱིར་ཞེས་ཐལ་འགྱུར་ལྟ་བུ་ལ་འདོད་ལན་འདེབས་དགོས་ལ། དེ་ལ་འདོད་ལན་བཏབ་པས་དབྱིན་ཡིག་ཡིན་ན་ཡི་གེ་ཡིན་པས་ཁྱབ་པར་འདོད་ཅེས་རྩི་རིགས་པ་གང་ཞིག འདོད་ལན་ཐེབས་པ་ཡིན་ཏེ། དབྱིན་ཡིག་ཡིན་ན་ཡི་གེ་ཡིན་པས་ཁྱབ་པའི་ཕྱིར་ཏེ། དབྱིན་ཡིག་ཡིན་ན་རེ་རེས་དོན་མི་སྟོན་ཡང་དོན་སྟོན་པའི་སྒྲའི་རྩོམ་བྱེད་དུ་གྱུར་པའི་གདངས་ཡིན་པས་ཁྱབ་པའི་ཕྱིར་ཞེས་པའོ། །

    གཉིས།རྟགས་ལན་འདེབས་ཚུལ་བཤད་པ།

    རྟགས་ལན་འདེབས་ཚུལ་ནི་ཐལ་འགྱུར་གང་དང་གང་གིས་ཆོས་ཅན་ནམ་རྩོད་གཞི་དེ་བཀོད་པའི་རྟགས་དེ་མ་ཡིན་པ་ཞིག་ལ་རྟགས་ལན་ཐེབས་པ་ཡིན་ཏེ། དཔེར་ན། སྣག་བུམ་དངོས་པོ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བའི་མཚོན་ན།རྟགས་ལན་འདེབས་དགོས་པ་ཡིན། རྟགས་ལན་འདེབས་ཚུལ་ནི་རྩོད་གཞི་ནས་རྟགས་ལན་འདེབས་དགོས་ཤིང་། དེ་ལ་རྟགས་ལན་བཏབ་པས་སྣག་བུམ་རྟག་པ་ཡིན་པ་རྟགས་མ་གྲུབ་ཅེས་རྩི་རིགས་པ་གང་ཞིག དེ་ལྟར་རྩིས་པས་རྟགས་ལན་ཡང་ཐེབས་པ་ཡིན་ཏེ། སྣག་བུམ་རྟག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར་ཏེ། གཟུགས་ཡིན་པའི་ཕྱིར། གཞན་ཡང་རྟགས་གསལ་གཉིས་ཀ་ཙམ་བཀོད་པའི་ཐལ་འགྱུར་ལ་རྟགས་ལན་འདེབས་ཚུལ་ཡོད་དེ། དཔེར་ན། དངོས་པོ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ། རྟགས་ལན་འདེབས་དགོས་པ་ཡིན་ལ། དེ་ལ་རྟགས་ལན་བཏབ་པས་བྱས་པ་ཡིན་པ་རྟགས་མ་གྲུབ་ཅེས་རྩི་རིགས་པ་གང་ཞིག རྟགས་ལན་ཡང་ཐེབས་པ་ཡིན་ཏེ། བྱས་པ་མ་ཡིན་པའི་ཕྱིར་ཏེ། རྟག་པ་མ་ཡིན་པའི་ཕྱིར་ཏེ། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པའི་ཕྱིར། གཞན་ཡང་རྟགས་ཙམ་བཀོད་པའི་ཐལ་འགྱུར་ལ་རྟགས་ལན་འདེབས་ཚུལ་ནི། དཔེར་ན། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ལ་རྟགས་ལན་འདེབས་དགོས་ལ། དེ་ལ་རྟགས་ལན་བཏབ་པས་ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཅེས་ལན་འདེབས་དགོས་པ་གང་ཞིག ལན་ཡང་ཐེབས་པ་ཡིན་ཏེ། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པ་མེད་པའི་ཕྱིར།

    གསུམ།ཁྱབ་མེད་ཀྱི་ལན་འདེབས་ཚུལ་བཤད་པ།

    ཐལ་འགྱུར་བ་གང་དང་གང་གི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་མ་ཁྱབ་པ་ཞིག་ལ་ཁྱབ་མེད་ཀྱི་ལན་འདེབས་དགོས་ཏེ། དཔེར་ན། ནམ་མཁའི་པད་མོ་ཆོས་ཅན། ཡོད་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུར་མཚོན་ན། ཁྱབ་མེད་ཀྱི་ལན་འདེབས་དགོས་པ་ཡིན་ཏེ། དེ་ལ་ཁྱབ་མེད་ཀྱི་ལན་བཏབ་པས་གང་ཟག་གི་བདག་མེད་ཡིན་ན་ཡོད་པས་མ་ཁྱབ་ཅེས་རྩི་རིགས་པ་གང་ཞིག ཁྱབ་མེད་ཀྱི་ལན་ཡང་ཐེབས་པ་ཡིན་ཏེ། གང་ཟག་གི་བདག་མེད་ཡིན་ན་ཡོད་པས་ཁྱབ་པ་མེད་པའི་ཕྱིར་རོ། ། གཞན་ཡང་། མི་རྟག་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་ཐལ་འགྱུར་ལྟ་བུ་ལ་ཁྱབ་མེད་ཀྱི་ལན་འདེབས་དགོས་ཏེ། དེ་ལ་ཁྱབ་མེད་ཀྱི་ལན་ཡང་ཐེབས་པ་ཡིན་ཏེ། ཡོད་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མེད་པའི་ཕྱིར་ཏེ། ཡོད་པ་ཡིན་ལ་མི་རྟག་པ་མ་ཡིན་པ་གཞི་གྲུབ་པའི་ཕྱིར་རོ། །

    བཞི།འགལ་ཁྱབ་ཀྱི་ལན་འདེབས་ཚུལ་བཤད་པ།

    ཐལ་འགྱུར་གང་གི་རྟགས་དེ་ཡིན། གསལ་བ་དེ་མ་ཡིན་པས་ཁྱབ་པ་འགལ་ཁྱབ་ཅེས་པ་ཡིན་ལ།དཔེར་ན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་ལ་མཚོན་ན། འགལ་ཁྱབ་ཀྱི་ལན་འདེབས་དགོས་ཏེ། དེ་ལ་འགལ་ཁྱབ་ཀྱི་ལན་བཏབ་པས་དངོས་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་ཅེས་རྩི་རིགས་པ་གང་ཞིག དེ་ལྟར་རྩིས་པས་ལན་ཡང་ཐེབས་པ་ཡིན་ཏེ། དངོས་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྟག་དངོས་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར་ཏེ། དེ་གཉིས་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པའི་ཕྱིར །འགལ་བ་ཡིན་པའི་ཕྱིར་ཏེ། འགལ་པའི་མཚན་གཞི་ཞིག་ཡོད་པའི་ཕྱིར།

    ལྔ།ཅིའི་ཕྱིར་གྱི་ལན་འདེབས་ཚུལ་བཤད་པ།

    ཐལ་འགྱུར་གང་ཞིག་ཡིན་རུང་རྩོད་གཞིའམ་གསལ་རྐྱང་དེ་ཡིན་པས་རྒྱུ་མཚན་ཅི་ཞེས་པ་ཡིན་ལ། དཔེར་ན། སློབ་གྲྭ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ལ་ངེས་པར་ཅིའི་ཕྱིར་གྱི་ལན་འདེབས་དགོས་ལ། དེ་ལ་ཅིའི་ཕྱིར་གྱི་ལན་བཏབ་པས་སློབ་གྲྭ་རྟག་པ་ཡིན་པ་ཅིའི་ཕྱིར་ཞེས་རྩི་རིགས་པ་གང་ཞིག ལན་ཡང་ཐེབས་པ་ཡིན་ཏེ། སློབ་གྲྭ་རྟག་པ་ཡིན་པའི་རྒྱུ་མཚན་ཡང་དག་འཇོག་མི་ནུས་པའི་ཕྱིར་ཏེ། དེ་རྟག་པ་མ་ཡིན་པའི་ཕྱིར། གཞན་ཡང་། རྫས་སྤྱི་དང་གཉིས་མགོ་སོགས་ལ་མཚོན་ན་རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ལ་རྣམ་པར་ཐལ་བའི་སྒོ་བཞིས་ལན་འདེབས་དགོས་པ་ལས། དེ་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ལ་ཅིའི་ཕྱིར་གྱི་ལན་མི་ཐེབས་པ་ཚད་མའི་གཞུང་ལ་སྦྱངས་པ་ཞིག་ཡིན་ཕྱིན་རྟོགས་སླའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1