༄༅།།ལྷ་སའི་བར་སྐོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 05-09


 བར་སྐོར་བྱང་ཆུབ་ལམ་དུ་གཡས་སྐོར་ཕྱིན་པས་ན།བོད་རིགས་གཙོར་བྱས་ཐོགརྒྱ་བལ་དང་ཁ་ཆེ་སོགས་ཀྱི་ཚོང་ཁང་འདྲ་མིན་སྣ་ཚོགས་ཡོད་ལ་ས་ཕྱོགས་ཁག་ནས་གནས་སྐོར་ལ་ཡོང་མཁན་དང་།བར་སྐོར་ལ་འགྲོ་མཁན།ཚོང་ཟོག་ཉོ་འཚོང་བྱེད་མཁན་སོགས་ཤིན་ཏུ་མང་བས་འཁྲུག་ཆ་དོད་པོ་ཡོད།བར་སྐོར་བྱང་ངོས་ཀྱི་དབུས་སུ་སྲིད་ཞིའི་འདོད་རྒུ་མ་ལུས་པ་འབད་མེད་དུ་འདུ་བའི་རྣམ་གྲངས་ས་བདག་བརྒྱད་དང་།ཛམ་བྷ་ལ།ནོར་རྒྱུན་མ་སོགས་གཏེར་འབུམ་དག་བཞུགས་པའི་མཆོད་རྟེན་ཀཀྞི་སྒོ་བཞི་དང་།ལྷོ་ཤར་དུ་འབྲུག་པ་ལོ་ཕྱག་ཞེས(ལོ་གསར་སྐབས་ཏཱ་ལའི་བླ་མ་དང་བཀའ་ཤག་སྲིད་གཞུང་ལ་མཇལ་ཕྱག་ཞུ་མི་ཞིག་གཏོང་སྲོལ་ཡོད་པ་དེ་ལ་ལོ་ཕྱག་ཟེར)འབྲུག་གཞུང་བོད་སྡོད་གཞུང་ཚབ་ཀྱི་གཟིམ་ཤག་དེང་སང་ཁྲོམ་གཟིགས་སྒང་སྒོ་རྭ་ཤར་ཟེར་བ་དེ་ཡིན།མདུན་དུ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་པའི་མ་ཎི་འཁོར་ཆེན།ཉེ་འགྲམ་དུ་ཁྲིམས་ཁང་མི་དཔོན་ལས་ཁུངས་དང་བཙོན་མ་འཇུག་སའི་སྣང་རྩེ་ཤག་ཡོད།སྣང་རྩེ་ཤག་ནི་ཞོལ་པ་ལས་ཁུངས་ཀྱི་གཤམ་འོག་ལས་ཁུངས་ཡིན་ཞིང་།ལས་ཁུངས་དེར་འགོ་འཛིན་མི་དཔོན་གཉིས་དང་།དྲུང་ཡིག་གཅིག གཉེར་པ་གཉིས།ཁང་གཉེར་གཅིག པུ་ལི་སི་དམག་སྒར་གྱི་རྒྱ་དཔོན་གཅིག་བསྐོར་བྱ་བ་མི་གྲངས་ཉི་ཤུ་སྐོར།བཙོན་སྲུང་བ་མི་གཅིག་བཅས་ཡོད།ལས་ཁུངས་དེའི་ལས་འགན་གཙོ་བོ་ནི་ལྷ་ས་ཁུལ་གྱི་ཁྲིམས་དོན་དང་།བདེ་འཇགས།གཙང་སྦྲ།དེ་མིན་ཁྲལ་དོན་དང་།ཁང་པ་གསར་སྐྲུན་སོགས་བྱེད་དགོས་ཚེ་ལྷ་ས་གཉེར་ཚང་ལས་ཁུངས་ལ་དགོངས་སྐོར་ཞུ་རྒྱུ་དང་།དཔོན་ཁུངས་གང་གི་མི་བོགས་གཏན་འཁེལ་ལྟར་སྤྲོད་པ་སོགས་ཀྱི་ལས་ཀ་དང་།མི་བསད་རྟ་འགྱེལ་གྱི་གྱོད་དོན་བྱུང་ཚེ་ཕྲལ་དུ་བཀའ་ཤག་སྲིད་གཞུང་ལ་དགོངས་སྐོར་གྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་།གྱོད་དོན་ཆུང་རྩག་བྱུང་ཚེ་ནག་ཉེས་ཆེ་ཆུང་གིས་ཐད་ཀར་རྟ་ལྕག་དང་ལྕང་སྨྱུག་ཁ་གྲངས་གཏན་འཁེལ་བྱས་ཏེ་ཁྲིམས་ཐག་རང་སར་གཅོད་པའི་དབང་ཆ་ཡོད།དེའི་ལམ་གྱི་ཉེ་འགྲམ་དུ་རྨེ་རུ་རྙིང་པ་ཞེས་པ་དེ་ལྷ་ས་གཙུག་ལག་ཁང་གི་ཤར་སྒོའི་སེ་ར་ལྟག་སྒོའི་འགྲམ་དུ་གནས་ཡོད་ཅིང་།དེ་ཡང་ཐོག་མར་བོད་ཀྱི་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་དུས་རབས་དགུ་པའི་ནང་གཙུག་ལག་ཁང་གི་ཤར་དུ་ཀ་རུ་དང་།རྨེ་རུ།ལྷོ་རུ་དགའ་བ་དང་དགའ་བའི་འོད།བྱང་དུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་སོགས་བཞེངས་པའི་ཡ་གྱལ་ཞིག་ཡིན་པར་གྲགས།སྐབས་དེའི་ལྷ་ཁང་ནི་གཞི་རྒྱ་ཆུང་ལ་སྒོ་ཤར་ལྟའི་འོག་ཁང་དེ་ཡིན་སྐད།རྗེས་སུ་རྒྱ་བསྐྱེད་དེ་རྒྱལ་སྒོ་བྱང་ལྟ་དང་།ཤར་དུ་མ་ཁང་ཐོག་གསུམ་འདུ་ཁང་དང་བཅས་པ་དང་།རྟེན་གཙོ་སངས་རྒྱས་མར་མེ་མཛད་གཙོ་འཁོར་དང་རྣམ་སྲས་ལྗང་སེང་གི་སྐུ་ཛམ་བྷ་ལ།ལྷ་ཁང་རྙིང་པའི་སྟེང་གི་མགོན་ཁང་ནང་རྟེན་གཙོ་འཇིགས་བྱེད་ཀྲོང་བསྐྱེད་དང་།མགོན་པོ་བྲལ་གཟུགས་ཀྱི་སྐུ་བརྙན།འདུ་ཁང་ནང་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་སྐུ་གསོབ་སོགས་པ་བཞུགས་ཡོད།དགོན་དེར་དད་ལྡན་མང་ཚོགས་ཀྱིས་མཆོད་མཇལ་ཞུ་བ་དང་སྦྲགས་བསང་གསོལ་ལྗགས་སྐྱེམས་ཕུལ་བ།ལྷག་པར་ཚོང་པ་ཚོས་འདིར་ཞོགས་ལྟར་བསང་གསོལ་ལྗགས་སྐྱེམས་ཕུལ་ན་ཚོང་དོན་ལེགས་པར་བརྗོད་སྲོལ་འདུག རྗེས་སུ་རྨེ་རུ་དགོན་པ་དེ་ལྷ་སའི་བྱང་ངོས་སུ་སྤོས་སྟབས་རྨེ་རུ་ཞེས་འབོད།དེ་ནས་བར་སྐོར་ཤར་བྱང་དུ་སྤྱི་ལོ1681ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཟེར་བ་དེས་མངའ་རིས་སྐོར་གསུམ་བཙན་བཟུང་བྱས་རྐྱེན་དགའ་ལྡན་ཚེ་དབང་དཔལ་བཟང་གིས་བོད་དམག་ཁྲིད་ནས་དཔའ་མཛངས་བརྟུལ་ཕོད་ཀྱིས་ཕར་རྒོལ་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་སུ་བཙུགས་པའི་དགའ་ལྡན་དར་ཆེན་དང་བར་སྐོར་ཤར་ལྷོའི་མཚམས་ཀྱི་དུང་མཚོ་ཟུར་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ1409ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་སྲོལ་གཏོད་སྐབས་བཙུགས་པའི་ཤར་སྐྱ་རིང་དར་ཆེན།ཁག་གཅིག་གིས་དར་ཆེན་གྱི་ནང་རྟེན་དུ་རྗེའི་ཞལ་རྒྱུག་ཡོད་པར་གྲགས་པས་མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ།གཙུག་ལག་ཁང་གི་ལྷོ་སྒོའི་འགྲམ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ལ་བཀའ་ཆོས་གནང་ས་གསུང་ཆོས་རྭ་བ།དེའི་མདུན་དུ་རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གསེར་ཁྲིར་མངའ་གསོལ་མཛད་སྐབས་བཙུགས་པའི་བསྐལ་བཟང་དར་ཆེན་དང་།སྔར་གཙུག་ལག་ཁང་གི་མདུན་ཙམ་ན་ཇུས་འདིང་གནས(ཁ་སྐད་དུ་ཇི་སྡེ་གླིང)ཞེས་པའི་ཁང་ཁྱིམ་དང་།ཇུས་ཡག་དར་ཆེན་ཞེས་པ་གཅིག་ཡོད།དེ་ཡང་དུས་རབས་བཅུ་བདུན་པའི་ནང་སོག་པོ་གོ་ཥི་བསྟན་འཛིན་ཆོས་རྒྱལ་གྱི་དམག་བོད་དུ་བསྐོངས་དེ་སྡེ་སྲིད་གཙང་པའི་སྲིད་དབང་གཏོར་ནས་རྒྱལ་མཆོག་ལྔ་པ་ཆེན་པོའི་སྲིད་དབང་དགའ་ལྡན་ཕོ་བྲང་འཛུགས་རྒྱུའི་སྐོར་དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་དང་།སྐྱིད་ཤོད་སྡེ་པ་སོགས་ནས་ཇུས་བཏོན་པར་ཕྱིས་ཕན་འབྲས་ཐོབ་སྟབས་ཁང་མིང་དུའང་ཇུས་འདིང་གནས་དང་།བྱང་སྒོའི(ལྟག་སྒོ་ལྷོ་ཡང་ཡོད)འགྲམ་དུ་དར་ཆེན་ཞིག་བཙུགས་པ་དེར་ཇུས་ཡག་དར་ཆེན་ཟེར།ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་དར་པོ་གླིང་ཞེས་པ་དེ་ཡོད།དུས་རབས་བཅོ་ལྔ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་ཕྱག་བཏབ་པར་གྲགས།དེ་གར་དགེ་བསྙེན་ཕྱིང་དཀར་བ་དང་།དགྲ་ལྷ་སོགས་ཁོག་ཞུགས་བྱེད་པ་དང་།དར་པོ་གླིང་གི་ལྷ་མོ་ཞེས་ལྷ་གསོལ་མཁན་དམངས་ཁྲོད་སྐྱིད་སྡུག་ཡོད།བདག་གཉེར་རྩེ་རྣམ་རྒྱལ་གྲྭ་ཚང་གིས་བྱེད་པ་རེད།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1