༄༅།།གསེར་ཧོར་ཤུལ་དགོན་པའི་ལོ་རྒྱུས་ངོ་སྤྲོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 05-11


གསེར་ཧོར་ཤུལ་དགོན་པའི་ལོ་རྒྱུས་ངོ་སྤྲོད།


   དེ་ཡང་གསེར་ཧོར་ཤུལ་དགོན་ཨོ་རྒྱན་བསམ་འགྲུབ་གླིང་ནི་གསེར་རྟ་རྫོང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུ་ཡས་མས་ཀྱི་སར་ཆགས་ཡོད་ཅིང་།དགོན་པ་འདི་ཉིད་ནི་གསང་སྔགས་སྔ་འགྱུར་པའི་གདན་ས་ཆེན་པོ་དྲུག་སྟེ། སྟོད་ན་རྡོར་སྨིན་གཉིས།བར་ན་ཞེ་རྫོགས་གཉིས། སྨད་ན་ཀ་དཔལ་གཉིས་ཞེས་གྲགས་པའི་ཡ་གྱལ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་བུ་དགོན་ཆེན་པོ་བཞི་ལས་ཤུག་སྒང་འོད་གསལ་ལྷུན་འགྲུབ་གླིང་གི་དགོན་ལག་ཏུ་གཏོགས་ཤིང་།ཐོག་མར་ཕྱག་འདེབས་མཁན་ནི་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དངོས་སློབ་ཧོར་གྱི་བུ་ཆེན་བཞི་ལས་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལའི་རྣམ་སྤྲུལ་རོང་སྟོན་ལྷུན་འགྲུབ་རྒྱ་མཚོའམ་མཚན་ཡོངས་གྲགས་སུ་ཤུག་སྒང་བྷ་ཏིང་ཞེས་གྲགས་པ་གང་ཉིད་ཀྱི་ཞལ་བཀོད་བཞིན་བོད་རབ་བྱུང་བཅུ་གཅིག་པ་སྟེ་དུས་རབས་བཅུ་བདུན་པའི་ནང་དུ་ཕྱག་བཏབ་པ་ཡིན་ཞིང་།

   དེའང་ཐོག་མར་ཤུག་སྒང་བྷ་ཏིང་གི་ཐུགས་སྲས་ཨ་བུ་ཆུང་ཡོས་ཀྱི་མི་རབས་ཐོགས་མའི་གྲས་ཨ་བུ་རྡོ་རྗེ་རྒྱའི་བུ་ཨ་བུ་བླ་མ་ལྷུན་འགྲུབ་ཅེས་པས་ཆུང་ཡོས་སྡེ་འབངས་ཡོངས་ཤུག་སྒང་བྷ་ཏིང་ལ་གྲྭ་འབུལ་བྱས་ཏེ།ཁོང་གིས་བྷ་ཏིང་གི་ཞལ་བཀོད་བཞིན་ད་ལྟའི་ལི་མདོ་ཆོས་སྒར་ཆགས་ཡུལ་དེར་ཐོག་མའི་ཆར་ནག་སྒར་བཏབ་སྟེ་ལི་མདོ་བཀྲ་ཤིས་རྟེན་གླིང་ཞེས་པའི་དགོན་གནས་ཆུང་ངུ་ཞིག་ཕྱག་འདེབས་གནང་།༼མཆན།པདྨ་འདུས་རྩལ་གྱིས་མཛད་པའི་ཤུག་སྒང་དགོན་པའི་དགུ་གཏོར་གྱི་ཆོ་གའི་ནང་དུ་ལི་མདོ་བཀྲ་ཤིས་རྟེན་གླིང་ཞེས་བཀོད་ཡོད་པས་ཁོང་གི་སྐུ་རིང་ལ་ཧོར་དགོན་གྱི་མཚན་ལ་ལི་མདོ་བཀྲ་ཤིས་རྟེན་གླིང་ཞེས་འབོད་ཀྱིན་ཡོད་པ་ཁུངས་ཆེ་བས་དེ་ལྟར་བྲིས།༽དེའི་རྗེས་སུ་རབ་བྱུང་བཅུ་བཞི་པའི་ནང་དུ་ཤུག་སྒང་པདྨ་འདུས་རྩལ་གྱི་གཅུང་པོ་རྡོ་རྗེ་དཔལ་དབྱངས་སོགས་ཀྱིས་གནས་དེར་དགོན་པའི་ལྷ་ཁང་སོགས་གསར་དུ་བཞེངས་ཏེ་དགོན་པའི་གཞི་རྒྱ་ཅུང་ཆེ་རུ་བསྐྱེད་པས་ད་ལྟའང་སྔར་གྱི་ལྷ་ཁང་གི་ཤུལ་མཇལ་དུ་ཡོད།འོན་ཀྱང་གནས་དེར་དགོན་ས་བཟུང་ནས་ཡུན་རིང་མ་སོང་བར་དེར་དགོན་པ་ཚུགས་མ་ཐུབ་པར་འཐོར་ཞིག་ཏུ་ཕྱིན་པས་ཨ་བུ་མདོ་སྔགས་སོགས་ཀྱིས་གནས་སྐབས་གར་བདེ་སར་ནག་སྒར་བཟུང་ནས་བསྡད།

གསེར་ཧོར་ཤུལ་དགོན་པའི་ལོ་རྒྱུས་ངོ་སྤྲོད།

    དེ་ནས་རབ་བྱུང་བཅོ་ལྔ་པའི་ནང་དུ་ཤུག་སྒང་པདྨ་འདུས་རྩལ་གྱི་སྣག་དབོན་བླ་མ་ཀུན་བཟང་དབང་ཕྱུག་དང་ཁོང་དང་ཡུམ་གཅིག་པའི་སྐུ་མཆེད་བླ་མ་དམ་པ་མཐུ་སྟོབས་གཉིས་ཀྱིས་དགོན་པ་དེ་ཉིད་སྔར་གྱི་དགོན་ས་དེ་ལས་གནས་སྤར་ཏེ་དེང་གི་དགོན་གནས་ཆགས་ཡུལ་དུ་ཚྭ་ཁང་རྟ་སྒ་མ་ཞེས་པའི་ལྷ་ཁང་ཆུང་ངུ་ནང་དུ་རྟེན་གཙོ་རྒྱུ་སྨན་འདག་ལས་གྲུབ་པའི་རིགས་གསུམ་མགོན་པོའི་སྐུ་བྱིན་ལྡན་དུ་གྲགས་པ་སོགས་བཞུགས་པའི་གནས་དེ་ཉིད་ས་དཔྱད་སོགས་ལེགས་པར་གཟིགས་ནས་དེ་རུ་དགོན་གནས་འདི་ཉིད་སླར་གསོ་མཛད་ཅིང་།ཕྱིས་འབྱུང་བསྟན་དགོན་ལ་ཕན་དུ་རེ་ནས་གཙུག་ལག་ཁང་དང་དགོན་པའི་བཅའ་ཁྲིམས་དང་བསྒྲིག་ཡིག་སོགས་ཀྱང་མཛད་པར་གྲགས།  དེ་ནས་རབ་བྱུང་བཅུ་དྲུག་པའི་ནང་དུ་རོང་སྟོན་ལྷུན་འགྲུབ་རྒྱ་མཚོའི་སྐྱེ་བའི་ཕྲེང་བ་འཛིན་པ་འཁོར་གདོང་ནུས་ལྡན་འགྲོ་ཕན་གླིང་པའི་སྲས་ཤུག་སྒང་དགོན་པའི་གདན་རབས་བརྒྱད་པ་པདྨ་མཐུ་སྟོབས་མགོན་པོའམ་ཡོངས་གྲགས་སུ་བླ་མ་དམ་པ་མཐུ་སྟོབས་ཞེས་གྲགས་པ་དེ་ཉིད་ཀྱི་ཡང་སྤྲུལ་ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་གིས་སྔར་གྱི་གཙུག་ལག་ཁང་གི་རྨང་གཞིའི་ཐོག་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་གནང་བ་དང་།དེར་མ་ཟད་ཆུང་ཡོས་སྡེ་བའི་རུས་མཛོད་དང་དགོན་པའི་དབྱར་གནས་ཀྱི་ཟིན་བྲིས་སོགས་ཀྱང་མཛད།ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་ཁོང་ནི་ལུགས་གཉིས་ཀུན་ལ་མཁྱེན་རབ་རྒྱས་པས་ཀུན་ཀྱི་བརྩི་མཐོང་ཆེ་བའི་བླ་མ་ཞིག་ཡིན་ཞིང་།དཔལ་ཡུལ་དར་ཐང་ཐུབ་བསྟན་ཆོས་ཀྱི་ཟླ་བ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཅིག་བསྟེན་ཏེ་མཉེས་པ་གསུམ་གྱིས་ཐུགས་ཟིན་པར་བྱས་ཏེ་ཐུན་མོང་རིག་གནས་དང་མདོ་སྔགས་ཀྱི་གནས་ལ་སྦྱང་བ་མཐར་སོན་པར་བྱས།ལྷག་ཏུ་ཁོང་དབུས་གཙང་དུ་ཕེབས་སྐབས་ཀུན་ཀྱིས་དཀའ་བའི་ཚད་དུ་རྩི་བ་བསམ་ཡས་ཀྱི་ཆོས་སྐྱོང་རྒྱལ་པོའི་བཙན་ཁང་བེ་ཧར་དཀོར་མཛོད་གླིང་དུ་གཉན་ཁྲོད་ལ་ཞག་གསུམ་དུ་བྱོན་པས་རྟོགས་པའི་གདེངས་ལྡན་གྱི་གྲུབ་བརྙེས་དམ་པ་ཡིན་པར་ཀུན་ཀྱིས་མཐུན་སྣང་དུ་གྲུབ།ཁོང་གི་སྐུ་རིང་ལ་ཧོར་ཤུལ་དགོན་པར་བསྟན་པའི་གནས་གཞི་གཙུག་ལག་ཁང་རྟེན་དང་བརྟེན་པ་རྒྱས་པར་བཞེངས་ཏེ་བསྟན་པའི་ནང་མཛོད་དམ་ཆོས་འདུལ་བའི་ཕྱག་བཞེས་མ་ཉམས་པར་རྒྱུན་བསྐྱངས་ཏེ་དགོན་པ་འདིར་གཞན་ལས་ལྷག་པའི་བཀའ་དྲིན་བསྐྱངས།གཞན་ཡང་ཁོང་གི་སྐུ་རིང་ལ་དགོན་པའི་སྔར་གྱི་མཚན་བརྗེས་ཏེ་ཨོ་རྒྱན་བསམ་འགྲུབ་གླིང་ཞེས་པ་བཏགས་པ་ཡིན་ནམ་སྙམ།དེའི་རྗེས་སུ་སྤྲུལ་སྐུ་ཁྱབ་བདག་རིག་འཛིན་ནོར་བུ་དང་གསུང་སྤྲུལ་རིན་པོ་ཆེ། གཞན་རྨ་སྤྲུལ་ཆོས་ཀྱི་ཉི་མའི་རིགས་སྲས་སྤྲུལ་བསོད་ནམས་སྟོབས་ལྡན་བཅས་ཀྱིས་ད་ལྟ་བར་དུ་དགོན་པ་ལྷ་སྡེ་དང་བཅས་པ་ལུགས་གཉིས་ཀྱི་བཀའ་དྲིན་སྒོའི་བསྐྱངས་དང་སྐྱོང་མུས་སུ་མཆིས།

   དེས་ན་དགོན་པ་འདི་ཕྱག་བཏབ་ནས་ད་ལྟའི་བར་ལོ་ཅི་ཙམ་སོང་ཡོད་པ་ངག་རྒྱུན་དང་ཡི་གེ་གཉིས་ཀར་འདི་ཞེས་གསལ་ཁ་མི་འདུག་མོད།ཤུག་སྒང་བྷ་ཏིང་གིས་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་སྟེ་སྤྱི་ལོའི་༡༦༧༠ལོར་ཤུག་སྒང་དགོན་པ་བཏབ་ནས་ད་ལོའི་བར་ལོ་སུམ་བརྒྱ་དང་ཞེ་དགུ་སོང་ཡོད་ཅིང་ཤུག་སྒང་དགོན་དང་ཧོར་ཤུལ་དགོན་གཉིས་དུས་མཉམ་དུ་བཏབ་པ་ཡིན་མིན་ཆ་མི་འཚལ་མོད།དགོན་པ་འདི་གཉིས་ཤུག་སྒང་བྷ་ཏིང་གི་སྐུ་རིང་ལ་ཕྱག་བཏབ་པ་ཡིན་པ་ནི་ངག་རྒྱུན་དང་ཡི་གེ་གཉིས་ཀར་གསལ་བས་དེར་བརྟེན་རགས་རྩིས་བྱས་ན་ཧོར་ཤུལ་དགོན་འདི་ཉིད་ཕྱག་བཏབ་ནས་མི་ལོ་སུམ་བརྒྱ་ལྷག་ཅིག་ཕྱིན་ཡོད་པར་ངེས་སོ།། གཞན་དགོན་པའི་རྟེན་གསུམ་དང་རྒྱུན་ཆགས་ཀྱི་ཚོགས་དུས་མཆོད་སོགས་རགས་ཙམ་སྨྲས་ན་རྟེན་གྱི་གཙོ་བོ་རྒྱུ་ཟངས་གསེར་ལས་གྲུབ་པའི་གུ་རུ་གཙོ་འཁོར་གསུམ་དང་ཐུབ་པ་གཙོ་འཁོར་གསུམ།རྒྱུ་སྨན་འདག་ལ་གསེར་འགྱུར་བྱུག་པའི་ཉེ་བའི་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་སྐུ་དང་།གསེར་བྲིས་ཀྱི་སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་གསུང་རབ་དུ་མ། རོང་སྟོན་ལྷུན་འགྲུབ་རྒྱ་མཚོ་དང་བླ་མ་ཀུན་བཟང་དབང་ཕྱུག་སོགས་དགོན་པའི་གདན་རབས་རིམ་བྱོན་གྱི་གདུང་རྟེན་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་སོགས་རྟེན་གསུམ་གྱི་སྐོར་དང་།རྒྱུན་ཆགས་ཀྱི་ཚོགས་དུས་མཆོད་གཙོ་བོ་རྣམས་ནི་བོད་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ནང་ཐུགས་རྗེ་ཆེན་པོ་ཕྱག་ན་པདྨའི་སྒྲུབ་མཆོད་དང་།བོད་ཟླ་དྲུག་པའི་ནང་དགེ་ཚུལ་སློང་རྣམས་ཀྱིས་ཟླ་གཅིག་དང་ཕྱེད་ཀྱི་རིང་ལོ་ཆེན་གྱི་ཟིན་བྲིས་ལྟར་གྱི་དབྱར་གནས་དང་།བོད་ཟླ་བཅུ་གཅིག་པའི་ནང་རྒྱལ་བ་དཔལ་ཡུལ་བའི་ཕྱག་སྲོལ་ལྟར་རི་ཆོས་རྣམ་གསུམ་དང་སྐུ་གསུམ་སྒྲུབ་པ་བཅས་ཟླ་གཅིག་ལ་འཚོགས་རྒྱུ་སོགས་དང་གཞན་དགེ་འདུན་པའི་ཞལ་གྲངས་ཀྱང་སུམ་བརྒྱ་ལྷག་ཅིག་ཡོད།

   གཞན་ཡང་བསྟན་འགྲོར་སྨན་པའི་མཛད་པ་བཟང་པོ་སྐྱོང་མྱོང་པའི་དགོན་འདིར་འཁྲུངས་བའི་སྐྱེས་ཆེན་དམ་པ་འགའི་མཚན་རགས་ཙམ་བཀོད་ན།མཁན་ཆེན་ནུས་ལྡན་མཁྱེན་བརྩེ་བློ་གྲོས་སམ་ཡོངས་གྲགས་སུ་ཀཿཐོག་མཁན་པོ་ནུས་ལྡན་ཞེས་གྲགས་གང་དང་།བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་དངོས་སློབ་མཁས་པའི་དབང་པོ་མཁན་པོ་ཟླ་འོད། ཡག་སྐོར་མཁན་པོ་ཆོས་གསལ།ཡག་སྐོར་མཐའ་ཡས་སམ་ཡོངས་གྲགས་སུ་སྐུ་འབུམ་དགེ་བཤེས་མཐའ་ཡས། བླ་མ་གོང་ཚེ། བྱ་བྲལ་མཁན་པོ་ཆོས་དབྱིངས་ཁྱབ་བརྡལ་གྱི་ཐུགས་ཀྱི་བུ་ཆེན་མཁན་པོ་ཤེས་རབ་སོགས་རང་དགོན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྣམས་དང་།ལྷག་ཏུ་སྙིགས་དུས་ཀྱི་བྱ་བཏང་གི་རྣལ་འབྱོར་བ་ཆེན་པོ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་དངོས་སློབ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེ་ཡང་གནས་འདིར་བྱོན་ནས་ཧོར་ཤུལ་དགོན་པའི་སྔར་གྱི་དགོན་གནས་ཆགས་ཡུལ་དུ་ལི་མདོ་ཆོས་སྒར་བཏབ་སྟེ་ཡང་དར་བསྟན་པའི་མེ་རོ་རྨང་ནས་གསོས་ཏེ་མདོ་ཁམས་གསེར་ཡུལ་སྟོད་སྨད་བར་གསུམ་ལ་ད་ལྟའི་བར་དུ་ཁོང་གི་མཛད་འཕྲིན་གྱི་སྣང་བས་ཁྱབ་པར་བྱས།དེང་གི་ཆར་ཡང་རང་དགོན་གྱི་མཁན་སྤྲུལ་རྣམས་དང་ལྷག་ཏུ་མཁན་པོ་དགེ་ལེགས་དཔལ་བཟང་སོགས་ཀྱིས་དགོན་འདིའི་ཕྱིའི་བཞེངས་བཀོད་དང་ནང་གི་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་ཐབས་སུ་ཉིན་མཚན་ལྟོས་མེད་དུ་འབད་པའི་འབྲས་རྟགས་སུ་ད་ལྟ་དགོན་འདིའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཟླ་བ་ཡར་གྱི་ངོས་ལྟར་རྒྱས་བཞིན་པ་འདི་ལགས་སོ།།

   ཞེས་རང་དགོན་གྱི་ལོ་རྒྱུས་ངོ་སྤྲོད་ཐུང་ངུ་འདི་ཉིད་ཤུག་སྒང་དགོན་པའི་གདན་རབས་ལོ་རྒྱུས་གསར་རྙིང་གཉིས་དང་།ཁམས་ཕྱོགས་ཀྱི་དགོན་སྡེའི་ལོ་རྒྱུས་ཕྱོགས་བསྒྲིགས། གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན།ཚེ་ཤུལ་སྤྲུལ་སྐུའི་ཆུང་ཡོས་ཀྱི་རུས་མཛོད་ཕྱག་བསྟར་མ་སོགས་དང་གཞན་ཁུངས་ལྡན་གྱི་ངག་རྒྱུན་རེ་གཉིས་ལ་གཞི་བཅོལ་ཏེ་གཞན་གྱི་བསྐུལ་ངོར་བསྟན་འཛིན་ཉི་མས་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་གསུམ་པ་ས་ཕག་ལོའི་ཟླ་ཚེས་དགེ་བར་སྦྱར་ཞིང་ནོར་འཁྲུལ་ཅི་ཡོད་ལ་ཡོ་བསྲང་ཡོད་པར་མཁྱེན།།

                                                   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1