ཞི་ཅིན་ཕིང་གིས་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 05-11


 ཟླ་5ཚེས་8ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྱིས་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་མཇལ་འཕྲད་གནང་བ།

 ཚེས་8ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མ་ཟད། འཛམ་གླིང་ས་གནས་ཁག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་མཇལ་འཕྲད་ལ་ཞུགས་ཡོད་པ་རེད།

 སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྒྲ་ཡུན་རིང་གྲགས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་དང་། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥུང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཉིན་དེའི་སྔ་དྲོའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཕྱིར་སྡོད་སྤུན་ཟླར་ཀྲུང་ཕྱིའི་དབར་འབྲེལ་མཐུད་བྱེད་པར་དམིགས་བསལ་གྱི་ལེགས་ཆ་ལྡན་པས། ཀྲུང་གོ་དང་འཛམ་གླིང་དབར་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་ཞིག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་མཁན་གྱི་གསོན་ཤུགས་དམག་ཅིག་རེད། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་སེམས་པ་གཅིག་མཐུན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ལག་བསྟར་གཏིང་ཟབ། འཛམ་གླིང་ཞི་བདེ་དང་ཀྲུང་ཕྱིའི་མཛའ་གྲོགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཕྱིའི་སྤེལ་རེས་དང་ཤེས་དཔལ་ཕན་ཚུན་དཔེར་འཛིན་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རྒྱང་ལམ་གསར་པར་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

 འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་ནི་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་གཙོ་བོ་དང་དེ་བཞིན་འགན་འཁུར་བའི་མཐུན་འབྲེལ་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན་ཞིག་རེད། སྐབས་འདིའི་ཚོགས་ཆེན་གྱིས“ཀྲུང་ཕྱི་འབྲེལ་མཐུད་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་ནས་ཡོང་བའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཚོགས་པའི་འགན་ཁུར་བ་500ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1