༄༅། །རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་སུ་གནའ་ཤུལ་འབོར་ཆེན་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-11


        “ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་གནའ་ཤུལ་འདི་དག་ལ‘ཇུན་གར་གྱང་ཞིག’ཅེས་འབོད་ཅིང་། དེ་ནི་ཇུན་གར་པའི་གྱང་རོ་ཡིན་པར་འདོད་ཡོད། ཐོག་མའི་བརྡར་གཅོད་བྱས་ན། དེ་ནི་གནའ་བོའི་བང་སོའི་གནའ་ཤུལ་རེད།”

        ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་རྩྭ་རིང་གྲོང་རྡལ་སྒོ་ལྕག་གྲོང་ཚོ་ཡི་མཚོ་བོད་གཞུང་ལམ་ལ་ཉེ་བའི་རི་སྒང་ཞིག་གི་ལྷོ་ངོས་སུ། ཨ་མདོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་ཉམས་ལྡན་དང་གསར་འགོད་པ་གཉིས་ཀྱིས་ཐོག་མའི་རྩད་ཞིབ་བྱས་པ་ན། གནས་དེ་ནས་བང་སོ་ལ་འདྲ་བའི་གནའ་ཤུལ70ཙམ་གསར་རྙེད་བྱུང་བ་རེད། ཉམས་ལྡན་གྱིས་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ན་གནས་པའི་ཨ་མདོ་རྫོང་དུ་གནའ་བོའི་བང་སོ་སོགས་གནའ་ཤུལ་ཕུན་སུམ་ཚོགས་པ་ཡོད་པ་དང་། དེ་དག་ལ་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་གལ་ཆེན་ལྡན་ཞེས་གསར་འགོད་པར་བཤད།

        ད་ལོ་ནས་བཟུང་། ཨ་མདོ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་སྲོག་ཤིང་བྱས་ཏེ། རི་བོ་གདང་ལའི་ཁོངས་གནས་དང་གཙང་བོའི་མགོ་ཁུངས་ས་ཆ་སོགས་ཀྱི་ལེགས་ཆ་ལ་གཞིགས་བཙུགས་ནས་ནན་ཏན་ངང“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཏེ་ལོ་རྒྱུས་རིག་གནས་སོགས་ལ་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་ནས་ཧུར་ཐག་ངང་ཕྱོགས་བསྡུས་འགྲེམས་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་ན། གནའ་བོའི་བང་སོ་དང་རྡོ་ཆས་གསར་བ། གནའ་བོའི་བཟོ་བཀོད་སོགས་ཀྱི་རིག་དངོས་གནའ་ཤུལ་ལ་འདྲ་བ་སྐོར་ཞིག་གསར་རྙེད་བྱུང་ཡོད།

        ཨ་མདོ་རྫོང་གི་གསང་མཁར་སྒང་ནས་རྩྭ་རིང་གྲོང་རྡལ་བར་གྱི་ས་དབྱིབས་ནི་རི་བོ་མཐོ་ཞིང་ལུང་བ་དོག་པ་དང་། ལྷོ་བྱང་གི་སྣེ་གཉིས་ཀ་ལུང་གཞུང་རྩྭ་ཐང་ཡིན་ཞིང་། བར་གནས་ཡར་འབུར་ཡོད་པ། དཀྱིལ་དུ་མཚོ་བོད་གཞུང་ལམ་བརྒྱུད་ཡོད་སྟབས། ས་གནས་དེའི་མང་ཚོགས་ཀྱིས་ས་ཆ་འདི་ལ“ཐང་གཞུང”ཞེས་འབོད་པ་ཡིན། ཐང་གཞུང་ས་ཆའི་ཆ་སྙོམས་མཚོ་འཕགས་ལ་སྨི4750ཡས་མས་ཡོད་ཅིང་། མཚོ་བོད་གཞུང་ལམ་ཐང་གཞུང་རྒྱུད་ཀྱི་འགྲམ་ངོགས་ཀྱི་རིག་གནས་རྟོག་ཞིབ་ཁྲོད་དུ། སྤྱི་ལེ30ཙམ་ཡོད་པའི་བར་དུ་བང་སོའི་ཚོགས་ལ་འདྲ་བའི་གནའ་ཤུལ5རྙེད་པ་དང་། དེའི་ནང་གི་ཆེས་ཆུང་བའི་གནའ་ཤུལ་དུ་བང་སོ4ཡོད་ཅིང་། ཆེས་ཆེ་བའི་གནའ་ཤུལ་དུ་བང་སོ30ཡས་མས་ཡོད་པ་རེད།

        དེ་སྔོན་གྱི་མཚོ་བོད་ལྕགས་ལམ་འགྲམ་ངོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་ནང་དུ། རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ཀྱི་ཨ་མདོ་རྫོང་དང་གསེར་རྙེད་ཆུས་ཀྱི་རྒྱུད་ནས་རྡོ་ཆས་དུས་རབས་ཀྱི་ཤུལ་རྙིང་དང་གནའ་བོའི་བང་སོ། གནའ་བོའི་བཟོ་བཀོད་སོགས་རིག་དངོས་གནའ་ཤུལ་འབོར་ཆེན་རྙེད་ཡོད།

        “ཉེ་བའི་ལོ་ནས་བཟུང་། རིག་གནས་བྱ་གཞག་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་སུ་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་རྒྱུན་ཆད་མེད་པར་བྱུང་ཡོད། ང་ཚོ་ཡུལ་དངོས་སུ་སོང་སྟེ་བཅར་འདྲི་བྱེད་པའི་གོ་རིམ་ནང་དུ་རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱིས་འབོད་པའི‘ཇུན་གར་གྱང་ཞིག’གི་ཤུལ་རྙིང་ད་དུང་མང་པོ་འདུག འདི་ཡིས་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ནི་ལོ་རྒྱུས་ཐོག་ཏུ་མིའི་རིགས་འཚོ་གནས་ཀྱི་ས་ཁོངས་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། རིག་དངོས་ཁུངས་སྣེ་འདི་དག་ལ། གཤམ་ནས་ང་ཚོས་ཧུར་ཐག་ངང་གོང་རིམ་གྱི་རིག་གནས་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་ངང་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་གི་ཁུངས་འཚོལ་ར་སྤྲོད་དང་སྔོག་འདོན་བྱས་ཏེ་སྔར་བས་ལྷག་པའི་སྒོ་ནས་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ཀྱི་ལོ་རྒྱུས་ཕུན་སུམ་ཚོགས་པ་དེ་ཕྱིར་མངོན་རྒྱུ་ཡིན”ཞེས་ཨ་མདོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བདེ་སྐྱིད་ཆོས་སྒྲོན་གྱིས་བཤད།

        རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ནི་གཙོ་བོ་ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་རྫོང་དང་གསེར་རྙེད་ཆུས་གཉིས་ཀ་ཡིན་ལ། ས་ཁུལ་དེ་ནི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་དང་ནག་ཆུ་གྲོང་ཁྱེར་གྱི་བར་རྒྱུད་དུ་ཡོད་ཅིང་། སྐྱེ་ཁམས་གོ་གནས་དང་འགྲིམ་འགྲུལ་གནས་བབ་ཧ་ཅང་འབུར་དུ་ཐོན་པ་དང་། རིག་དངོས་ཤུལ་རྙིང་ཕུན་སུམ་ཚོགས་པ་ཡོད་པས། གོ་རིམ་ལྡན་པའི་བརྟག་དཔྱད་ཅིག་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

སྔ་དུས་ཀྱི་མདོ་དབུས་མཐོ་སྒང་གི་མིའི་རིགས་ཀྱི་ཤེས་རིག་དར་མགོ་ཚུགས་པའི་སྐབས། རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ས་ཁོངས་ནི་རི་བོ་མཐོན་པོས་འགྲུལ་ལམ་བཅད་པ་ལས་རང་རྒྱལ་གྱི་ཧྭ་པེ་དང་ནུབ་བྱང་ས་ཁུལ་དུ་རིག་གནས་ཁུངས་སྣེའི་ཐོག་ནས་འབྲེལ་བ་དམ་ཟབ་བྱེད་པའི་མཚམས་ཆད་མེད་པར་ཡོད། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་ཚང་མའི་ནང་ལ། ས་ཆ་འདི་ནི་མཐོ་སྒང་དང་ཀྲུང་ཡོན་ས་ཁུལ་སྦྲེལ་བའི་འགྲིམ་འགྲུལ་བར་ཁྱམས་གལ་ཆེན་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1