༄༅།།མདོ་སྟོད་ཀྱི་རྒྱལ་པོ་གླིང་གེ་སར་གྱི་རིགས་རྒྱུད་དང་འཁྲུངས་ཡུལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 05-12




དང་པོ།  རིགས་རྒྱུད་གང་ལས་མཆེད་པའི་ཚུལ།

དེ་ཡང་གླིང་གི་མི་རྒྱུད་ནི་བོད་མིའུ་གདུང་དྲུག་གི་ནང་ཚན་ཏེ་སྨུག་པོ་ལྡོང་གི་རིགས་རྒྱུད་ཡིན་ཞིང་། རླངས་ཀྱི་པོ་ཏི་བསེ་རུ་ལྟར་གླིང་ཚང་གི་ཆོས་རྒྱལ་རིམ་བྱོན་གྱི་གདུང་རྒྱུད་བྱུང་ཚུལ་རིམ་པ་བཞིན་བརྗོད་ན། གདུང་རབས་ཐོག་མ་སྲིད་པའི་ཡེ་སྨོན་རྒྱལ་པོ་ཡིན་ལ། དེའི་ཡུམ་ཆུ་ལྕམ་རྒྱལ་མོ་ཁབ་ཏུ་བཞེས་པའི་སྲས་ནི་འཕྲུལ་སྲས་འཁྲུངས་ཤིང་། དེའི་སྲས་བཀོ་སྲས་སྐྱེས་ཅིག དེའི་སྲས་སྨྲ་མི་རབས་མཆེད་གསུམ་སོགས་རིམ་བཞིན་བྱོན་པ་ཡིན། དེ་ནས་གདུང་རབས་སོ་བརྒྱད་པ་ལྡོང་ཆོས་འཕེལ་ནག་པོ་ལ་ལྷ་ཡག་དར་དཀར་དང་། ཁྲི་སྐྱོང་དཔའ་རྒྱལ། དགྲ་རྒྱལ་འབུམ་མེ་བཅས་སྲས་གསུམ་འཁྲུངས་ཤིང་། དེ་གསུམ་ལས་གླིང་གི་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་གླིང་གི་མི་རྒྱུད་མང་དུ་འཕེལ། གདུང་རབས་སོ་དགུ་བ་དགྲ་རྒྱལ་འབུམ་མེ། གདུང་རབས་བཞི་བཅུ་བ་ཐོག་ལྷ་འབུམ། གདུང་རབས་ཞེ་གཅིག་པ་ཆོས་ལྷ་འབུམ། དེས་བཙུན་མོ་གསུམ་ཁབ་ཏུ་བཞེས་པ་ལས་རོང་བཟའ་ལ་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་། སྒ་བཟའ་ལ་གཡུ་རྒྱལ་འབུམ་མམ་ཁྲོ་ཐུང་། རྨུ་བཟའ་ལ་སེང་བློན་བཅས་འཁྲུངས། སེང་བློན་གྱིས་རྒྱ་བཟའ་དང་། རོང་བཟའ། འགག་བཟའ་གསུམ་ཁབ་ཏུ་བཞེས་ཤིང་། རྒྱ་བཟའི་བུ་རྒྱ་ཚ་ཞལ་དཀར། རོང་བཟའི་བུ་རོང་ཚ་དཀར་རྒྱན།  འགག་བཟའི་བུ་ནི་གླིང་གེ་སར་ནོར་བུ་དགྲ་འདུལ་ཡིན་ནོ། །

གཉིས་པ།གང་དུ་འཁྲུངས་པའི་ཡུལ་གྱི་སྐོར་གླེང་བ། 

གླིང་གེ་སར་འཁྲུངས་ཡུལ་གྱི་བཞེད་ཚུལ་ལ།  སྡེ་དགེའི་འདན་ཁོག་དང་མཛོད་དགེའི་གླིང་ཚང་། མགོ་ལོག་རྨ་ཆེན་སྦོམ་རའི་ཉེ་འདབས་དང་སྡེ་དགེ་གླིང་ཚང་ཡིན་ཟེར་བ་སོགས་ཀྱི་འདོད་ཚུལ་མང་པོ་ཡོད་ཅིང་། བོད་རྒྱའི་མཁས་པ་དང་གནའ་རྫས་བརྟག་དཔྱད་པ། ལོ་རྒྱུས་དེབ་ཐེར་དང་སྒྲུང་དཔེ་སོགས་ཕལ་ཆེ་བས་བཞེད་ཚུལ་ནི། ཡུལ་མདོ་སྟོད་གླིང་གི་ས་ཆ་རྫ་ཆུ་དང་ཉེ་བར་ས་ཚ་དགོན་གྱི་ཉེ་འགྲམ་སྐྱིད་སོས་ཡག་གི་ཁ་མདོ(ཨ་ཕྱུག)ཞེས་པའི་ས་ཆ་རུ། སྤྱི་ལོ1038ལོར་ཡབ་སེང་བློན་དང་ཡུམ་འགག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པར་འདོད་པ་ཡིན། ཆུང་དུས་ནས་འཇིག་རྟེན་གྱི་ཕོ་རྩལ་སྣ་དགུ་འཛོམས་ལ། དབང་ཐང་ཆེ་ཞིང་དཔའ་ངར་ལྡན་པ། ཤེས་རབ་དང་ཕན་སེམས་ཆེ་བ་ཞིག་ཡིན་པས། རྗེས་སུ་གླིང་གི་རྗེ་དཔོན་དང་དཔའ་རྟུལ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་བའི་མདོ་སྟོད་ཡོངས་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོར་མངའ་གསོལ། སྟོད་ན་ཡུལ་ཤུལ་སྐྱེ་དགུ་དང་སྨད་ན་མགོ་ལོག ལྷོ་ན་སྡེ་དགེ བྱང་ན་རྫ་ཆུ་ཁ་བ་བཅས་ཡོད་པའི་དབུས་ནི་གླིང་གི་ཡུལ་གྱི་གཙོ་བོ་ཡིན་ཞིང་། གླིང་གེ་སར་རྒྱལ་པོས་རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲྀ་ཏི་ཛྙཱ་ན་ཀིརྟི་ལས་ཆོས་ཞུས་ཤིང་རིག་པའི་གནས་ལ་སྦྱངས། སྨྲྀ་ཏི་ཛྙཱ་ན་ཀིརྟིས་གླིང་གི་རྒྱལ་རབས་ཀྱི་མཆོད་གནས་སུ་གླིང་འགུ་ཟི་དགོན་པ་ཕྱག་འདེབས་མཛད། གུ་གེའི་རྒྱལ་རབས་རིམ་བྱོན་གྱིས་གླིང་གི་རྒྱལ་རབས་རིམ་བྱོན་ལ་གནང་བའི་རྟེན་གསུམ་དང་གླིང་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེའི་གནས་ཤུལ་ཡང་ད་ལྟ་གླིང་འགུ་ཟི་དགོན་དུ་ཡོད་དོ། །

གསུམ་པ།རྒྱལ་རབས་ཇི་ལྟར་བྱུང་བའི་ཚུལ།

མདོ་སྟོད་ཡོངས་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོའི་ཐོག་མ་ནི་སྤྱི་དཔོན་ཁྲ་རྒན་ཡིན་ཞིང་། སྤྱི་དཔོན་ཁྲ་རྒན་ཐོག་མར་གླིང་དཀར་སྟོད་སྨད་བར་གསུམ་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོར་མངའ་གསོལ་ཞིང་། མངའ་རིས་གུ་གེ་རྒྱལ་པོས་མདོ་ཁམས་ཀྱི་མཐའ་མཚམས་སྲུང་བའི་བོད་སྤྱིའི་དམག་དཔོན་དུ་བསྐོ་བཞག་མཛད་པས་སྤྱི་དཔོན་ཟེར། དེ་ནས་ཐོག་མར་རྒྱ་བོད་ཀྱི་ས་མཚམས་སྲུང་བའི་ཕྱིར་རྒྱལ་མོ་ཚ་བ་རོང་ལ་དམག་དྲངས་ནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས་མི་ཉག་དང་སུམ་པའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ཏེ། མདོ་སྟོད་ཡོངས་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོའི་ཐོག་མར་གྱུར། རྒྱལ་རབས་གཉིས་པ་ཁྲོ་བོ་འཕན་ཡིན་ལ། ཁྲོ་བོ་འཕན་ནམ་ཁྲོ་ཐུང་ནི་ལྷན་སྐྱེས་ཀྱི་ཡོན་ཏན་དུ་མ་མངའ་ཞིང་རིག་པ་རྣོ་བ། སྤྱང་གྲུང་དང་ལྡན་པ། གསང་སྔགས་ཀྱི་ཆོས་ལ་མཁས་ཤིང་མཐུ་སྟོབས་ནུས་པ་ཡོད་པ་ཞིག་ཡིན། རྒྱལ་རབས་གསུམ་པ་གེ་སར་ནོར་བུ་དགྲ་འདུལ་ཡིན་ལ། འདིའི་མཛད་པའི་གཙོ་བོ་ནི་མངའ་རིས་གུ་གེ་རྒྱལ་པོས་བཀའ་མངགས་བཞིན་བོད་ཀྱི་ཕྱོགས་སོ་སོའི་མཐའ་མཚམས་སྲུང་བའི་སྤྱིའི་དམག་དཔོན་མཛད་ནས། གླིང་གི་དཔའ་རྟུལ་བཅུ་གསུམ་དང་སུམ་ཅུ། བརྒྱད་ཅུའི་སྒྲིག་གཞི་བཙུགས་ཤིང་སྣེ་ཁྲིད་དེ། མདོ་སྟོད་སྨད་དང་དབུས་གཙང་མངའ་རིས་དང་བཅས་པའི་ཕྱོགས་བཞིའི་དགྲ་རྣམས་ལེགས་པར་བཏུལ་ནས་བོད་ཀྱི་མཐའ་མཚམས་བརྟན་པོར་སྲུང་ཞིང་། གུ་གེ་རྒྱལ་པོས་སྔར་དར་བའི་གསང་སྔགས་རྙིང་མའི་ཆོས་བརྒྱུད་མི་ཉམས་གོང་འཕེལ་དུ་བཏང་བར་མ་ཟད། རྒྱ་གར་ནས་པཎྡི་ཏ་མང་པོ་གདན་དྲངས་ཏེ་བོད་དུ་བཀའ་གདམས་པ་དང་བཀའ་བརྒྱུད་པ། ས་སྐྱ་བ་སོགས་ཀྱི་ཆོས་བརྒྱུད་དང་རིག་གཞུང་མང་པོ་དར་སྤེལ་མཛད་པ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད། རྒྱལ་རབས་བཞི་པ་དགྲ་ལྷ་རྩེ་རྒྱལ་ནི་རྒྱ་ཚ་ཞལ་དཀར་གྱི་སྲས་ཡིན་ལ། གེ་སར་རྒྱལ་པོར་སྲས་མེད་པས་ཚ་བོ་དགྲ་ལྷ་རྩེ་རྒྱལ་གྱིས་གླིང་གི་རྒྱལ་ས་བཟུང་། ལྔ་པ་གཉེན་རྒྱལ་བ་སྐྱབས། དྲུག་པ་ཨ་ཡག་འབུམ་རྒྱལ། བདུན་པ་རིན་ཆེན་རྡོ་རྗེ། བརྒྱད་པ་ཁྲོ་བོ་འཕེལ། དགུ་བ་གེ་འཕེན་སྟག་དར། བཅུ་བ་སངས་རྒྱས་རྒྱལ་མཚན། བཅུ་གཅིག་པ་སེང་གེ་རྒྱལ་མཚན་སོགས་མདོ་སྟོད་ཡོངས་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་རབས་བཅུ་གཅིག་བྱུང་ངོ་། །

དེ་ནས་མགར་སྟོང་བཙན་གྱི་རྒྱུད་པ་སྟེ་དཔོན་ཆེན་བསོད་ནམས་རིན་ཆེན་གྱིས་གླིང་གི་ཡུལ་སོགས་མདོ་སྟོད་ཡོངས་ལ་དབང་བསྒྱུར་བ་དང་། དཔོན་ཆེན་བསོད་ནམས་རིན་ཆེན་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ལས་ཚན་བཅུ་གསུམ་ནང་ཚན་གྱི་གསོལ་དཔོན་དང་མགར་སྟོང་བཙན་གྱི་རྒྱུད་པ་ཡིན་པས། སེ་ཆེན་རྒྱལ་པོ་དང་འགྲོ་མགོན་འཕགས་པ་གཉིས་ཀྱིས་བོད་ཡུལ་ཆོལ་ག་གསུམ་ལ་དབང་བསྒྱུར་བའི་ཚེ་མདོ་སྟོད་ཆོལ་ཁའི་དཔོན་ཆེན་དུ་བསྐོས་ནས། བཀའ་ཤོག་དང་ཐམ་ག་བསྩལ། མདོ་སྟོད་ཀྱི་ཁམས་སྡེ་ཁམས་བཅོ་བརྒྱད་ཡོངས་ལ་དབང་བསྒྱུར་བའི་སྟོང་སྡེ་བཅོ་བརྒྱད་ཀྱི་སྟོང་དཔོན་དང་། ཕྱིས་སུ་སྟོང་སྡེ་དེ་རྣམས་ཁྲི་སྡེར་བསྒྱུར་བས་མདོ་སྟོད་ཆོལ་ག་ཡོངས་ལ་དབང་བསྒྱུར་བའི་དཔོན་ཆེན་ཡིན། དེའི་ཕྱིས་ཀྱི་གླིང་གི་རྒྱལ་རབས་རྣམས་ནི་གླིང་ཡུལ་ཙམ་མམ་ཁྲི་སྡེ་གཅིག་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོ་ཡིན་ནོ། །

བཞི་བ། མཐའ་བཞིའི་དགྲ་རྣམས་ཅིའི་ཕྱིར་འདུལ་དགོས་ཚུལ་བརྗོད་པ།

བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་གི་དབུས་གཙང་དང་ཞང་ཞུང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཁྲོད་ཀྱི་རྒྱལ་ཕྲན་སོ་སོས་བོད་ཡོངས་ལ་སྐབས་རེ་རེར་དབང་བསྒྱུར་བའི་རྒྱལ་པོ་བྱེད་ཅིང་། དེ་ནས་གཉའ་ཁྲི་བཙན་པོས་སྟོད་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། ཁམས་སྟོད་སུམ་པ་དང་ཁམས་སྨད་མི་ཉག མདོ་སྟོད་གླིང་ཚང་དང་མདོ་སྨད་འ་ཞ། ལྷོ་འཇང་ཡུལ་བཅས་རྒྱལ་ཕྲན་བཅུ་གཉིས་ལ་དབང་བསྒྱུར་བ་ཡིན། དེ་ནས་སྲོང་བཙན་སྒམ་པོའི་དུས་སུ་མགར་སྟོང་བཙན་བོད་སྤྱིའི་དམག་དཔོན་དུ་བསྐོས་ནས་མདོ་སྟོད་གླིང་གི་ཡུལ་སོགས་རྒྱལ་ཕྲན་བཅུ་གཉིས་ལ་དམག་དྲངས་ནས། དེ་དག་སླར་ཡང་གཅིག་གྱུར་བྱེད་པ་མ་ཟད། མགར་སྟོང་བཙན་གྱིས་འབུམ་དམག་ཁྲིད་དེ།གཙོ་བོར་ཐུའུ་ཡུས་ཧུན་རྒྱལ་ཕྲན(ད་ལྟ་ཀན་སུའུ་ས་ཆ)ལ་དཔུང་འཇུག་བྱས་ནས་རྒྱལ་ཕྲན་མཐའ་དག་དབང་དུ་བསྡུས་ཤིང་། མཐོང་ཁྱབ་སྲིད་སྡེ་དགུ་བཙུགས། དེ་ནས་མངའ་བདག་འོད་སྲུང་གི་ཚ་བོ་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙན་པོའི་རྒྱལ་ས་དབུས་གཙང་ནས་མངའ་རིས་སུ་གནས་སྤར་ཏེ་མངའ་རིས་རྒྱལ་རབས་བཙུགས། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཐོག་མར་བཙུགས་ནས། ལ་དྭགས་རྒྱལ་པོས་མངའ་རིས་དང་གུང་ཐང་རྒྱལ་པོས་དབུས་གཙང་། གླིང་ཚང་རྒྱལ་པོས་མདོ་སྟོད། ཙོང་ཁ་རྒྱལ་པོས་མདོ་སྨད། མི་ཉག་རྒྱལ་རྒྱུད་ཀྱིས་བྱང་མི་ཉག་བཅས་རྒྱལ་ཕྲན་ལྔ་ལ་དབང་བསྒྱུར་བ་ཡིན། བཙན་པོའི་སྐབས་སུ་གླིང་ཚང་རྒྱལ་པོས་གླིང་དཀར་སྟོད་སྨད་བར་གསུམ་ཙམ་ལ་དབང་བསྒྱུར་བའི་གླིང་ཡུལ་ཙམ་གྱི་རྒྱལ་པོ་ཡིན་ཞིང་། མངའ་རིས་རྒྱལ་པོའི་སྐབས་སུ་མདོ་སྟོད་ཡོངས་ལ་དབང་བསྒྱུར་བའི་གླིང་གི་རྒྱལ་པོ་ཡིན་པར་མ་ཟད། བོད་ཀྱི་ཕྱོགས་སོ་སོའི་མཐའ་མཚམས་སྲུང་བའི་སྤྱིའི་དམག་དཔོན་ཡང་ཡིན་པས། བོད་ཀྱི་ཕྱོགས་སོ་སོའི་མཐའ་མཚམས་སྲུང་བའི་ཕྱིར། གླིང་གི་དཔའ་རྟུལ་བཅུ་གསུམ་དང་སུམ་ཅུ། བརྒྱད་ཅུ་བཅས་ཀྱི་སྒྲིག་གཞི་སོགས་གཏན་འབེབས་བྱས་ནས་བོད་ཀྱི་མཐའ་དབུས་ཀྱི་རྫོང་ཆེན་བཅོ་བརྒྱད་སོགས་ཆམ་ལ་ཕབ་ཅིང་། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བོད་ཀྱི་བློ་གསལ་ན་གཞོན་མང་པོ་རྒྱ་གར་འཕགས་པའི་ཡུལ་ལ་སློབ་གཉེར་དུ་བརྫངས་ནས་ཕྱིའི་རྒྱལ་ཁབ་ཀྱི་ཤེས་རིག་ནང་འདྲེན་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་རྒྱ་གར་གྱི་པཎྡི་ཏ་མང་པོ་བོད་ལ་གདན་དྲངས་ནས། བོད་གངས་ཅན་གྱི་ལྗོངས་ལ་ཆོས་དང་རིག་གཞུང་མཐའ་དག་བསྟན་པ་སྔ་དར་ལས་ཀྱང་ཆེས་ཆེར་དར་བར་བྱེད་པ་ལ། གླིང་གི་རྒྱལ་རབས་རིམ་བྱོན་དང་ཁྱད་པར་དུ་གླིང་གེ་སར་རྒྱལ་པོས་བོད་དབུས་གཙང་མངའ་རིས་དང་མདོ་སྟོད་སྨད་ཡོངས་ཀྱི་རྒྱལ་ཕྲན་སོ་སོའི་མཐའ་མཚམས་སྲུང་སྐྱོབ་དང་ཞི་འཇགས་སུ་བཏང་ནས་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་འདི་དག་རྩལ་དུ་བཏོན་ནས་བརྗོད་ཅིང་དར་སྤེལ་བྱེད་པ་ནི། དེ་རིང་གླིང་གེ་སར་རྒྱལ་པོའི་རིག་གནས་བགྲོ་གླེང་འཚོགས་པའི་བརྗོད་བྱ་གཙོ་བོ་ཡིན་ལ། ཤེས་བར་བྱ་བའི་གནད་ཀྱང་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1