བོད་ཀྱི་ཁེ་ལས་29ཧྲང་ཧའེ་རུ་སྐད་གྲགས་ཆོད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-12



        སྤྱི་ལོ་2023ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་དེ་སྤྱི་ཟླ་5ཚེས་10ནས་ཚེས་14ཉིན་བར་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཁང་དུ་གཉེར་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་བོད་ལྗོངས་ཀྱི་ཁེ་ལས་དང་སྤུས་རྟགས་29དྲ་ཐོག་དང་ཡུལ་དངོས་ཀྱི་བྱེད་སྒོར་ཞུགས་ནས་བོད་ལྗོངས་ཀྱི་གཟུགས་བརྙན་བཟང་པོ་དང་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱ་རྒྱུ་ཡིན་པ་རེད།

        བོད་ལྗོངས་འགྲེམས་ཁང་དུ་ཚོང་ཟོག་བཤོམ་རྒྱུ་དང་ངོ་སྤྲོད་ཁྱབ་གདལ་གཏོང་རྒྱུ་སོགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབ་ནས་བོད་ཀྱི་སྤུས་ལེགས་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཐ་ན་འཛམ་གླིང་ཡོངས་སུ་ཁྱབ་གདལ་བཏང་ཡོད།

        ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཁྲོམ་རས་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་རྐང་བྱེད་པ། གསར་གཏོད་ཀྱིས་སྒུལ་ཤུགས་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་བོད་ལྗོངས་ཕྱི་ནང་དང་། རྒྱལ་ཁབ་ཕྱི་ནང་། ཐ་ན་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་སྤུས་རྟགས་འབོར་ཆེན་ཞིག་བཏོད་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྤྲད་ཡོད།

        

        བོད་ལྗོངས་ཀྱི་འགྲེམ་ཁང་དུ་ཆེས་བྲིན་བོད་སྨན་དང་། ས་མཐོའི་ལྷད་མེད་ཀྱི་བྲིའི་འོ་མ། རྒུན་ཆང་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྤུས་རྟགས་ཐོན་རྫས་ཀྱིས་སྐུ་མགྲོན་མང་པོའི་ཡིད་དབང་བཀུག་ཡོད།


        ཆེས་བྲིན་བོད་སྨན་ནི་བོད་ཀྱི་གྲགས་ཅན་ཚོང་རྟགས་རྙིང་པ་ཞིག་ཡིན་པ་དང་། དེ་ནི་ཟུག་འཇོམ་སྦྱར་སྨན་གཙོ་བོར་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་ཡིན་ཞིང་། ད་བར་ལོ་28ཀྱི་ལོ་རྒྱུས་ལྡན་ཡོད། སྤྱི་ལོ་2004ལོར་ཆེས་བྲིན་ཚོང་རྟགས་དེ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་སུ་གཏན་འཁེལ་བྱས་པ་རེད།

        མིག་སྔར་ས་བབ་ཀྱི་མཚོན་རྟགས་ལྡན་པའི་ཚོང་རྟགས་གྲགས་ཅན་མང་པོ་ཞིག་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ཁྱབ་ཡོད་པ་དེ་དག་ནས་དང་། འབྲི་གཡག   སྤོས་སོགས་ཁྱད་ལྡན་ཐོན་རྫས་རིགས་བཅུ་ཕྲག་ཁ་ཤས་ལ་ཁྱབ་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ཆུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་གྲགས་ཅན་ཚོང་རྟགས་མི་ཉུང་བ་ཞིག་ཐོན་ཡོད།

        རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་སྡོམ་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། བོད་ལྗོངས་སུ་ད་ཡོད་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ཐོན་རྫས་36དང་། ས་ཁམས་མཚོན་རྟགས་ཀྱི་མཉམ་སྡེབ་ཚོང་རྟགས་དང་དཔང་རྟགས་ཀྱི་ཚོང་རྟགས་146 ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་ཚོང་རྟགས་སྤྱོད་རྒྱུའི་ཆོག་མཆན་ཐོབ་པའི་ཁེ་ལས་13བཅས་ཡོད་པ་དང་། ཚོང་རྟགས་55000ལྷག་ཙམ་ཐོ་འགོད་བྱས་པ་དང་། ཆེད་ཁེའི་བདག་ཐོབ་5000ལྷག་ཙམ་ཐོ་འགོད་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་དེ་དེ་སྔའི་ཉིན་3ནས་ཉིན་5བར་རིང་དུ་བཏང་བ་དང་། གཞི་ཁྱོན་ཐད་དེ་སྔའི་སྨི་ངོས་གྲུ་25000ནས་སྨི་ངོས་གྲུ་60000བར་ཆར་རུ་བཏང་ཡོད་ཅིང་། རང་བརྟེན་སྤུས་རྟགས་ཁེ་ལས་དང་གསར་གཏོད་རྣམ་པའི་ཁེ་ལས་སྟོང་ཕྲག་ལྷག་ཙམ་གྱིས་བྱེད་སྒོའི་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1