ལི་ཅིན། ཚོང་ལས་ཀྱི་ཁྲོད་ནས་སྤྱི་ཕན་གྱི་སྟོབས་ཤུགས་འདོན།

ངེད་གསར་འགོད་པ་ཚུལ་ཁྲིམས་བཟང་པོ་དང་། དོན་གྲུབ་ཆོས་སྒྲོན། འཇིགས་མེད་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-16



        ཀྲུང་གོ་གསར་པའི་སྐབས་སྐྱེས་ཤིང་། དར་དམར་འོག་མཚར་ལོངས་བྱུང་། ཕ་ཡུལ་གྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་དང་དོ་ཁུར། རོགས་སྐྱོར་བཅས་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་ཅེས་ལི་ཅིན་གྱིས་བཤད་ཀྱི་འདུག་ལ། བསྒྲུབས་ཀྱང་སྒྲུབ་བཞིན་འདུག །ཁོང་2023ལོའི“ལི་རྫོང་གི་ཆེས་མཛེས་པའི་མི་སྟེ་སྤྱི་ཕན་བྱམས་བརྩེའི་ཕོ་ཉ”ཞེས་པའི་མཚན་སྙན་ཐོབ་མ་ཐག །ད་དུང་དཔང་ཡིག་གཞུང་ལས་ཁང་དུ་ཡག་མོར་བྱེད་འཇོག་རྒྱུ་མ་བྱུང་བར། རྟ་ཁ་གློད་ཁོམ་མེད་པར་ཚོགས་པའི་རུ་སྣེ་ཁྲིད་ནས་རྔ་བ་རུ་འཚམས་འདྲི་དང་རྟོག་ཞིབ་ཕྱིན་པ་རེད། བྲེལ་འཚུབ་ནི་ལི་ཅིན་གྱི་ལས་ཀའི་རྒྱུན་རྣམ་ཡིན་ཞིང་། ཁྲོན་བྱང་མཐོ་སྒང་གི་ས་མཐའི་འབྲོག་ཁུལ་ནས་ལིའང་ཧྲན་ཆེ་ཆུང་གི་གྲོང་རོང་ལུང་ཤུར་བར་དུ། ཁོང་ནི་ནམ་ཡང་ཉེན་སྐྱོབ་དཀའ་སེལ་གྱི་འཐབ་ར་དང་པོ་ལ་ལངས་ཤིང་། ལག་ལེན་དངོས་ཀྱིས་ཕྱུག་འགྱུར་རྗེས་དྲན་དང་ཕ་ཡུལ་ལ་དྲིན་གཟོ་བའི་བརྩེ་བ་བཏོན་བཞིན་མཆིས།

སི་ཁྲོན་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པས་འཚམས་འདྲིའི་ལམ་བར་དུ་བསྐྱོན་པའི་མཉམ་པར།


ཕྱུགས་རྫི་ནས་ཚོང་ལས་ཚོགས་པའི་སྣེ་ཁྲིད་པར་གྱུར།

        དམངས་གཉེར་ཁེ་ལས་པ་ཞིག་ཡིན་པའི་ངོས་ནས། ལི་ཅིན་ལ་གོ་མིང་ཤིན་ཏུ་མང་སྟེ། སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་སི་ཁྲོན་ཞིང་ཆེན་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁྲེང་ཏུའུ་རྔ་བ་ཁུལ་ཚོང་ཚོགས་ཀྱི་ཚོགས་གཙོ། སི་ཁྲོན་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་སོགས་སོ། །སྔར་ད་དུང་གཟེངས་བསྟོད་གང་མང་ཐོབ་མྱོང་སྟེ། “རྒྱལ་ཡོངས་དབུལ་གྲོལ་འགག་སྒྲོལ་གྱི་གཟེངས་བསྟོད་བྱས་རྗེས་བྱ་དགའ”དང་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་བཟང་མི་སྒེར”“སི་ཁྲོན་གྱི་དགེ་ལས་གཟེངས་བསྟོད”“ཆེས་བྱམས་བརྩེ་ལྡན་པའི་དགེ་ལས་མི་སྒེར”སོགས་ཡོད་པར་མ་ཟད། ཀྲུང་གོ་གསར་པའི་ལོ་ངོ་70ཡི་འཁྲུངས་སྐར་གྱི་རྒྱལ་སྟོན་དམག་གཟིགས་མཛད་སྒོ་ལ་གདན་འདྲེན་ཞུས་ནས་ཞུགས་པ་དང་། “ཀྲུང་གོའི་མི་བཟང་”དང་“སི་ཁྲོན་གྱི་མི་བཟང་”སོགས་ཀྱི་སྡིངས་ཆ་རུ་ཚུད་ཡོད།

ལོ་སར་ཚེས་པ་གཅིག་ཉིན་ཏང་གི་དྲོད་ཁོལ་གསེར་རྟའི་ལས་བྱེད་མང་ཚོགས་དང་མི་དམངས་དམག་མི་རྣམས་ལ་བསྐྱལ།

        མི་འགའ་རེས་ཁོང་ལ“བོད་ཀྱི་བུ་བཟང་”བཏགས་ཀྱི་ཡོད་ལ། མི་འགའ་རེས་ཁོང་ནི་འབྲོག་པ་མང་ཚོགས་ཀྱི་སེམས་ནང་གི“སྲུང་མ”ཞེས་བཏགས་ཀྱི་ཡོད་ཀྱང་། ཁོང་རང་གིས“གུང་ཁྲན་ཏན་ཡོན་ལི་ཅིན”ཞེས་བཏགས་ན་དེ་བས་ཀྱང་དགའ་བཞིན་ཡོད་ཟེར། རང་གི་འདས་དོན་དང་རང་ལ་ཐོབ་པའི་གཟི་བརྗིད་གླེང་སྐབས། ཁོང་གིས་རྟག་པར་སྤོབས་པ་བསྐྱེད་ནས་རང་གི་བྲང་ཁའི་ཏང་རྟགས་སྟོན་གྱི་ཡོད། ཁོང་གིས་གྲུབ་འབྲས་འདི་འདྲ་ཞིག་ཐོབ་དོན་ནི་ཆུང་དུས་ནས་ཕ་མས“བྱམས་བརྩེ་སེམས་སུ་བཅངས། བྱམས་བརྩེ་ཅན་ཞིག་གྱིས”ཞེས་པའི་བག་ཡོད་ཀྱི་ལྟ་བའི་སློབ་གསོའི་འོག་མཚར་ལོངས་བྱུང་བས་ཡིན་ཟེར།

        ཁོང་བོད་རིགས་ཤིག་ཡིན་པའི་ཆ་ནས། ལི་ཅིན་གྱིས་བོད་འབྲེལ་ས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་བརྒྱུད་མྱངས་བས། ཁོང་གིས་ཚོར་སྣང་ཟབ་མོའི་ངང་“གལ་སྲིད་ཏང་དང་རྒྱལ་ཁབ་ཀྱིས་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་འགྲོ་སོང་འབོར་ཆེན་གཏོང་མེད་པ་དང་། གུང་ཁྲན་ཏང་ཡོན་ཁྲི་མ་འབུམ་གྱིས་ས་གནས་འདི་ལ་འབད་བརྩོན་ཞུམ་མེད་བྱས་མེད་ཚེ། ང་རི་བོ་བརྒལ་ནས་ཡོང་ཐུབ་རྒྱུ་མ་རེད་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཤར་རླུང་མེད་ཚེ། ང་གྲོང་གསེབ་ཀྱི་བུ་ཕྲུག་ཅིག་ཁེ་ལས་པ་རུ་འགྱུར་ཐུབ་རྒྱུ་མ་རེད”ཅེས་ཟེར།

9ཐོག་3སྣོན་གྱི་སློོབ་མར་འཚམས་འདྲི་བྱེད་བཞིན་པ།

        ལི་ཅིན་ནི་ཏང་གི་སྲིད་ཇུས་ཀྱི་འབོད་སྐུལ་འོག་ཏང་ནང་ཞུགས་ཤིང་། འབྲོག་ཕྲུག་ནས་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་བར་དང་། སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ནས་ཞིང་ཆེན་དམངས་ཆེན་གྱི་འཐུས་ཚབ་བར་ཐོབ་ཐང་འགྱུར་བཞིན་ཡོད་ཀྱང་། སྤྱི་སེམས་ལས་སྒེར་སེམས་མེད་པ་དང་བྱམས་བརྩེས་ཁེངས་པའི་ཏང་ཞུགས་ཀྱི་ཐོག་མའི་བསམ་འདུན་འགྱུར་མེད། ཁྲེང་ཏུའུ་རྔ་བ་ཁུལ་ཚོང་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་ནས་ད་བར། ཁོང་གིས་སེམས་ཤུགས་ཡོད་ཚད་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ལ་བཏད་ནས། ཚོང་ཚོགས་དེ་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། གཉན་ཆེན་ཐང་ལྷའི་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཡིན་པའི་ཆ་ནས། ཁོང་གིས་སྤྱི་ཕན་འཁྲབ་སྟོན་ཀྱི་བྱེད་སྒོ་དེ་སི་ཁྲོན་བོད་འབྲེལ་ས་ཁུལ་དུ་བསྐྱལ་ཡོད། ཁོང་གིས་ནུས་ཤུགས་ཡོད་རྒུས་སྒོར་མོ་དང་ནུས་པ་བཏོན་ནས། རང་གི་བྱ་བ་སྤྱོད་པ་དང་ཡིད་དབང་འཕྲོག་ཤུགས་ཀྱིས་མི་ལ་ཕན་པ་སྒྲུབ་པ་དང་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད། སྐུལ་ཁྲིད་བྱེད་བཞིན་ཡོད།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ཏང་ཨུས་ཀྲི་པུའུའི་ལས་ཀར་མཛུབ་སྟོན་གནང་བ།


སྤྱི་ཕན་སྒྲུབ་པ་ནི་མི་དེ་བས་མང་པོས་གཞན་ལ་རོགས་བྱེད་དགོས་པར་ཤེས་ཆེད་རེད།

        རྔ་བ་རུ་ལི་ཅིན་ཞེས་པའི་མིང་འདི་ཐོས་དུས། ཞིང་འབྲོག་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་མཐེ་བོང་བསྒྲེངས་ནས་ལེགས་རྟགས་སྟོོན་སྲིད། ཁྲེང་ཏུའུ་རྔ་བ་ཁུལ་ཚོང་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས། ལོ་ངོ་དུ་མའི་རིང་། ལི་ཅིན་ནི་དུས་དང་རྣམ་པ་ཀུན་ཏུ་དབུལ་སྐྱོར་ལས་དོན་གྱི་མ་རྩ་མཐུན་སྦྱོར་དང་རྣམ་གྲངས་བརྩོན་ལེན། གྲོན་དངུལ་བསྡུ་རུབ་སོགས་ཀྱི་ཆེད་དུ་རྒྱུག་བཞིན་ཡོད། ཁོང་གིས་སེར་སྣ་སྤུ་ཙམ་མེད་པར་ལོ་ངོ་དུ་མར་འབད་བརྩོན་བྱས་ནས་བསགས་པའི་རྒྱུ་ནོར་མཐའ་དག་ཕ་ཡུལ་བའི་སྡོད་ཁང་གསར་པ་དང་ཕྲུ་གུ་ཚོའི་སློབ་ཡོན་ལ་སྒྱུར་གྱི་ཡོད། ན་གཞོན་མང་པོ་ཞིག་ཁོང་གི་སྣེ་ཁྲིད་འོག་མཐོ་སྒང་ནས་ཐོན་ཏེ་གྲོང་ཁྱེར་དུ་སྐྱོད་ཀྱི་ཡོད།

ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱེད་པའི་ཞལ་འདེབས་འབུལ་བའི་ཡུལ་དངོས།

        ཁོང་ལ་ཁྱེད་ཀྱིས་ཨུ་ཚུགས་བྱེད་ནས་སྤྱི་ཕན་ལས་དོན་བསྒྲུབ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས“ཆུང་དུས་ཁྱིམ་དུ་ཆ་རྐྱེན་མི་ལེགས་པ་དང་དང་ཐོག་ཕྱི་རུ་ལས་ཀ་འགྲོ་དུས་དཀའ་ངལ་ཤིན་ཏུ་ཆེ་བས། ངས་འཇིག་རྟེན་འདིའི་དཀའ་སྡུག་གང་མང་ཞིག་མྱོང་སྐབས། མི་མང་པོའི་རོགས་སྐྱོར་ལ་བརྟེན་ནས་ད་གཟོད་རྒྱུན་འཁྱོངས་ཐུབ་པ་རེད། དེ་བས་ངས་ད་ལྟའི་འཚོ་བ་ལ་གཅེས་འཛིན་ཧ་ཅང་བྱེད་ཀྱི་ཡོད་ལ། གཞན་ལ་དཀའ་ངལ་ཡོད་སྐབས་ཀྱི་སྡུག་བསྔལ་དེ་བས་ཀྱང་ཚོར་ཐུབ། དེ་བརྟེན། ངས་འབད་པ་ཆེན་པོས་རྒྱུ་ནོར་དེ་བས་མང་པོ་བསྒྲུབས་ནས། དེ་བས་མང་བ་དང་དེ་བས་རྒྱ་ཆེ་བ། དེ་བས་རྒྱང་རིང་བའི་ངང་དཀའ་ངལ་ཅན་ལ་རོགས་སྐྱོར་དང་ཤང་གྲོང་དར་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་ཟེར། ཁོང་གིས“དགེ་ལས་དང་སྤྱི་ཕན་སྒྲུབ་པ་ནི་མི་དེ་བས་མང་པོར་གཞན་ལ་རོགས་སྐྱོར་བྱེད་དགོས་པ་ཤེས་བཅུག་ནས། དེ་ལས་མི་ཚེའི་ཁོག་རྒྱ་དང་དྲིན་གཟོའི་རིན་ཐང་མངོན་ཐུབ་པར”འདོད།

ཏང་གི་འཛུགས་སྐྲུན་གྱིས་མཐོ་སྒང་དུ་བསྐྱོད་པར་སྣེ་ཁྲིད་བྱེད།

        བསྡོམས་རྩིས་རགས་རིམ་ཙམ་བྱས་པ་ན། ཉེ་བའི་ལོ་ངོ་བཅུའི་རིང་དུ། ལི་ཅིན་གྱིས་ཐོན་ལས་དབུལ་སྐྱོར་དང་བརྩེ་སེམས་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་ཁག་ཏུ་མ་དངུལ་གཏོང་བ་དང་སྒོར་མོ་དང་དངོས་རྫས་ཞལ་འདེགས་འབུལ་བའི་བསྡོམས་གྲངས་བྱེ་བ་གཉིས་ལ་ཉེ་ཞིང་། བསྡུ་རུབ་དང་སྐུལ་ཁྲིད་བྱས་ནས་ཐོབ་པའི་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར་གཉིས་ལ་ཉེ་བ་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་རིགས་སོ་སོའི་ལས་དོན་དུ་བཏང་ནས་དུད་ཚང་4000ལྷག་ལ་རོགས་རམ་བྱས།

        ལི་ཅིན་གྱི་སྐུལ་ཁྲིད་འོག །སྤྱི་ཕན་ལས་དོན་དུ་ཞུགས་མཁན་ཇེ་མང་ནས་ཇེ་མང་ཡིན་ལ། ཁྲེང་ཏུའུ་རྔ་བ་ཁུལ་ཚོང་ཚོགས་དེ་སྔར་གྱི་མི་བཅུ་ལྷག་ལས་ད་ལྟ་མི་བརྒྱ་ལྷག་ཏུ་གྱུར་ཅིང་། ཁོ་ཚོ་ལི་ཅིན་གྱི་བསམ་བློ་ལ་མོས་མཐུན་ཡོད་པ་དང་། ཚད་མཐོའི་འགན་འཁྲི་དང་དྲང་བདེན་གྱི་གཤིས་རྒྱུད་ཀྱིས་མི་རིགས་ས་ཁུལ་འཕེལ་རྒྱས་ཐད་དྲོད་ཁོལ་སྦྱིན་པར་སྐུལ་འདེད་གཏོང་བ་དང་། བརྩེ་སེམས་དང་སྙིང་རྗེས་སྤྱི་ཕན་དགེ་སྒྲུབ་ཀྱི་སྙིང་སྟོབས་སྤེལ་བ། བརྩེ་སེམས་ཟོལ་མེད་ཀྱིས་ཕ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཕན་པ་དང་མི་དེ་བས་མང་བ་ལ་རོགས་སྐྱོར་བྱེད་བཞིན་ཡོད།

འཚམས་འདྲིའི་ལམ་བར་དུ་བསྐྱོན་པའི་མཉམ་པར།


རང་གི་དྲོད་ཁོལ་མི་དེ་བས་མང་པོར་བརྒྱུད་སྤྲོད་བྱེད་པ།

        2008ལོ་ནི་ལི་ཅིན་གྱི་མི་ཚེའི་ཀྱོག་མཚམས་ཤིག་ཡིན། 2008ལོའི“5·12”ཝུན་ཁྲོན་ས་འགུལ་ཁྲོད། ཅི་ལིན་གྱི་ཕ་ཡུལ་ལ་གནོད་སྐྱོན་ཚབས་ཆེན་ཐེབས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་རོགས་སྐྱོར་ཡོང་སྐབས། ཏང་དང་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་བཅངས་པའི་སེམས་ཁུར་དང་བརྩེ་སེམས་ཚོར་བས། ལི་ཅིན་ལ་གནོད་ཐེབས་མང་ཚོགས་ཀྱི་ཆེད་དུ་བྱ་བ་ག་གེ་མོ་ཞིག་བསྒྲུབ་དགོས་པའི་བསམ་ཚུལ་སྐྱེས། སྐབས་དེར། ལི་ཅིན་གྱིས་ས་འགུལ་གྱིས་རྐྱེན་ནས་དཀའ་ཁག་ཏུ་ལྷུང་བའི་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པ་ལ་དོ་ཁུར་བྱས། ཁོས་མགྱོགས་མྱུར་དུ་ཁྲེང་ཏུའུ་རུ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་བསྡུས་ནས་གསར་དུ་སྒྲིག་འཛུགས་བྱས། 2009ལོའི་དཔྱིད་གསར་དུས་ཆེན་གྱི་ཡར་སྔོན་དུ། གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པས་གསར་དུ་སྒྲིག་འཛུགས་བྱས་རྗེས་ཀྱི་སྤྱི་ཕན་འཚམས་འདྲི་འཁྲབ་སྟོན་བྱེད་འགོ་བརྩམས། “ང་ཚོས་ས་འགུལ་ཁྲོད་ཀྱི་གཏམ་རྒྱུད་ཆུང་ངུ་ཁག་ཅིག་གར་ཆུང་དུ་བསྒྲིགས་ནས། ང་ཚོས་གར་སྟེགས་ཐོག་འཁྲབ་སྟོན་བྱས། གར་སྟེགས་འོག་གི་ལྟད་མོ་བ་མང་པོ་ཞིག་གི་མིག་ལམ་ནས་མཆི་མ་དབང་མེད་དུ་ལྷུང་བཞིན་འདུག”འཁྲབ་སྟོན་དེ་མཇུག་རྫོགས་རྗེས། ལི་ཅིན་གྱི་མུ་མཐུད་དུ་སྤྱི་ཕན་འཁྲབ་སྟོན་བྱེད་རྒྱུའི་ཆོད་སེམས་དེ་བས་ཇེ་བརྟན་དུ་གྱུར། འཁྲབ་སྟོན་བྱེད་ཐེངས་གཅིག་གིས་བགྲང་བྱ་བཅུ་བཞི་འགོར་ཟིན།

སྡེ་ཁུལ་དུ་ཕྱིན་ཏེ་རྒན་རྒོན་རྣམས་ལ་འཚམས་འདྲི་ཞུ་བ།

        2009ལོ་ནས་བཟུང་སྟེ་ལོ་རེའི་དགུ་པའི་ཚེས་དགུ་དང་དཔྱིད་གསར་དུས་ཆེན་སོགས་དུས་ཆེན་གྱི་སྐབས་སུ། གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པ་ལོ་རེ་བཞིན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་། ལྷག་པར་དུ་དཀར་མཛེས་དང་རྔ་བ། ལིའང་ཧྲན་སོགས་སུ་ཕྱིན་ནས་སྤྱི་ཕན་འཁྲབ་སྟོན་དང་རིག་གནས་ཞབས་ཞུའི་བྱ་འགུལ་སྤེལ་བ་རེད། ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བའི་འབྲོག་ས་དང་། ཡང་ན་ཇ་བསྲུས་མའི་དྲི་ཞིམ་འཐུལ་བའི་སྦྲ་ནག་བཅས་གང་ཡིན་རུང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་རྐང་རྗེས་བཞག་ཡོད། ད་བར་དུ། གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་སྤྱི་ཕན་ཀྱི་དམངས་ཕན་རིག་གནས་བྱ་འགུལ་ཐེངས་1000ལྷག་སྤེལ་ཡོད་ལ། མི་རིགས་ས་ཁུལ་དུ་སྒོར་མོ་དང་དངོས་ཟོག་སྒོར་ཁྲི་1700ལྷག་གི་རིན་ཕུལ་ནས། ཀྲུང་གོའི་དམངས་གཉེར་སྒྱུ་རྩལ་ཚོགས་པའི་བརྩེ་སེམས་འོས་འཁྲབ་ཀྱི་ཨང་དང་པོའི་རྟགས་མ་མང་པོ་བླངས་ཡོད།

གཉན་ཆེན་ཐང་ལྷ་རིག་གནས་སྒྱུ་རྩལ་ཚོགས་པས་རྒྱལ་གཅེས་བརྗོད་དོན་གྱི་བྱེད་སྒོ་རྩ་འཛུགས་བྱས་པ།

        ལི་ཅིན་གྱིས“རིག་རྩལ་འཁྲབ་སྟོན་ཤང་གྲོང་ལ་བསྐྱལ། རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་མི་སེམས་སྤྲོ་བས་བཏེགས། དེ་ནས་རིམ་བཞིན་རོགས་སྐྱོར་ལ་ཤུགས་རྐྱེན་ཐེབས་ཐབས་བྱ་རྒྱུ་ནི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཤེས་ལེགས་ཤོས་དེ་རེད”ཅེས་ཟེར། “གྲངས་ཉུང་མི་རིགས་སྒྱུ་རྩལ་ཚོགས་པ་ལ་མང་ཚོགས་ཀྱི་རྨང་གཞི་ཡོད། ད་དུང་། ཡིག་ཆ་མང་པོ་ཡོད་དེ། དཔེར་ན་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་ནང་དོན་རྟོགས་དཀའ་བས། གལ་སྲིད་གར་ཆུང་དང་གླུ་གར་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ནང་དོན་ལ་འགྲེལ་བཤད་བྱས་ཚེ། སྟབས་བདེའི་ངང་རྟོགས་ཐུབ་པ་རེད”ཅེས་ལི་ཅིན་གྱིས་མི་དམངས་ཚོས་དེ་རིང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་འབྲལ་ཐབས་མེད་པ་རྟོགས་པའི་རེ་བ་ཆེ་ཟེར། ཁོ་ཚོས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་ལ་བརྟེན་ནས། ཏང་གི་སྲིད་ཇུས་དང་དྲོད་ཁོལ་དེ་སི་ཁྲོན་མི་རིགས་ས་ཁུལ་དུ་ཁྱབ་བསྒྲགས་བྱས་ཏེ། སི་ཁྲོན་མི་རིགས་ས་ཁུལ་གྱི་རིག་གནས་དར་རྒྱས་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ་བཅས་ལ་དམིགས་བསལ་གྱི་ནུས་པ་ཐོན་གྱི་ཡོད།

གནོད་སྐྱོབ་གེགས་སེལ་ཀྱི་ལས་ཀར་ཞུགས་པ།

        “དགེ་ལས་བསྒྲུབ་རྒྱུ་ལ་ངོ་མ་ལོབས་རྒྱུ་འདུག ནམ་ཡིན་རང་ཉིད་སྤྱི་ཚོགས་ཀྱིས་མཁོ་བཞིན་ཡོད་པ་དང་མི་རྣམས་ཀྱིས་ངོས་ལེན་བྱེད་བཞིན་ཡོད་པ་ཚོར་རྗེས། སྤོབས་པ་ཆེན་པོ་ཞིག་ངང་གིས་སྐྱེ་ནས། ངལ་དུབ་དང་ལེ་ལོ་ཡོངས་རྫོགས་གར་སོང་ཆ་མེད་དུ་གྱུར་བཞིན་འདུག”ཟེར་ནས་ལི་ཅིན་དང་ལས་གྲོགས་ཚོས་མཉམ་དུ་བརྩེ་སེམས་བརྒྱུད་སྤྲོད་དང་གཞན་ལ་དྲོད་ཁོལ་སྦྱིན་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཕན་བྱེད་མཁན་དེ་བས་མང་པོ་གཅིག་ཏུ་སྡུད་དེ་འཚོ་བ་དེ་བས་ཇེ་ལེགས་གཏོང་བཞིན་འདུག །


འབར་ཁམས་ཀྱི་རྒན་གསོ་ཁང་དུ་བསྐྱོད་པ།

གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཏང་ཀྲི་པུའུ་སྐོར་སྐྱོད་འཁྲབ་སྟོན་ལ་བསྐྱོད་པའི་ལམ་དུ།

དྲིལ་བསྒྲགས་རུ་ཁག་གིས་འབྲོག་ཁུལ་དུ་སྒྲོག་འགྲེལ་བྱེད་བཞིན་པ།

ཏང་གི་འཛུགས་སྐྲུན་གྱིས་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱེད་པའི་འཁྲབ་སྟོན་ལ་སྣེ་ཁྲིད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1