ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གན

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-16


ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

སྔར་བས་འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ལི་ཆང་དང་ཏིང་ཤུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ནས་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཟླ་5ཚེས་11དང་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། འདི་ནི་ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་5ཚེས་11དང་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། ཚེས་11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཚང་ཀྲོའུ་གྲོང་ཁྱེར་ཧོང་དབྱི་གྲོང་ཁྱེར་གྱི་གྲོང་རྡལ་རྙིང་པའི་ཞན་ཀྲོང་ཡུག་ཁུལ་གྱི་ཐན་སྐྱོན་དང་བ་ཚྭ་ཅན་གྱི་གྲོ་ཞིང་ལ་རྟོག་ཞིབ་གནང་སྐབས་འདེབས་འཛུགས་དུད་ཚང་དང་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་ཧྲི་ཅ་ཀྲོང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་སྟེ་ཅིང་ཅིན་ཅི(པེ་ཅིང་དང་། ཐེན་ཅིན། ཧོ་པེ)ཡི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། གདེང་ཚོད་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་གོ་སྐབས་ལ་དམ་འཛིན་དང་། འགྲན་སློང་ལ་ཁ་གཏད་གཅོག་པ། ཉམས་ཉེན་སེལ་བ། གོ་སྐབས་གསར་པ་སྐྱེད་སྲིང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཅིང་ཅིན་ཅི་གསུམ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྔོན་སྤེལ་ཁུལ་དང་དཔེ་སྟོན་ཁུལ་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཟླ་5ཚེས་11དང་12ཉིན། ཞི་ཅིན་ཕིང་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་གཡོད་ཧྥུང་དང་ཧྲེང་ཀྲང་ཝང་ཀྲེང་ཕུའུ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ཚང་ཀྲོའུ་དང་ཧྲི་ཅ་ཀྲོང་སོགས་ཀྱི་གྲོང་གསེབ་དང་། གྲུ་ཁ། ཚན་ཞིབ་ཚན་པ་སོགས་སུ་ཕེབས་ནས་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད།

        ཚེས་11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཚང་ཀྲོའུ་གྲོང་ཁྱེར་དུ་ཕེབས་ནས་ཧོང་དབྱི་གྲོང་ཁྱེར་གྱི་གྲོང་རྡལ་རྙིང་པའི་ཞན་ཀྲོང་ཡུག་ཁུལ་གྱི་ཐན་སྐྱོན་དང་བ་ཚྭ་ཅན་གྱི་གྲོ་ཞིང་ལ་རྟོག་ཞིབ་གནང་བ་དང་། བ་ཚྭ་ཅན་གྱི་ས་ཞིང་བཅོས་སྒྲིག་དང་། ཐན་སྐྱོན་དང་བ་ཚྭ་ཅན་གྱི་གྲོ་ཞིང་འདེབས་འཛུགས་ཁྱབ་གདལ། དེ་བཞིན་ཐོན་ལས་ཅན་གྱི་གནས་ཚུལ་བཅས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གྲོ་ཞིང་དུ་ཕེབས་ཏེ་གྲོའི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཞིང་ནང་དུ་ངལ་རྩོལ་བྱེད་བཞིན་པའི་འདེབས་འཛུགས་དུད་ཚང་དང་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ལ་ཐན་སྐྱོན་དང་བ་ཚྭ་ཅན་གྱི་གྲོའི་ཐོན་ཚད་དང་། རིན་གོང་། སྤུས་ཚད། ཡོང་འབབ་སོགས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་ཡིན་པས་ངེས་པར་དུ་གནས་བབ་གལ་ཆེན་ཐོག་འཇོག་དགོས། རང་རྒྱལ་དུ་བ་ཚྭ་ཅན་གྱི་ས་ཞིང་མང་བ་དང་གསར་སྤེལ་གྱི་མི་མངོན་པའི་ནུས་པ་ཆེ་བའི་དོན་དངོས་ལ་གཞི་ཚུགས་ནས་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ནུས་པ་འདོན་པ་དང་། བ་ཚྭ་ཅན་གྱི་ས་ཞིང་སྒྱུར་བཀོད་དང་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། བ་ཚྭ་ཅན་གྱི་ས་ཞིང་ལ་འཚམ་པའི་སྐྱེ་དངོས་ཀྱི་ས་བོན་གསར་སྤེལ་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན། འཚར་འཕྲོད་སྐྱེ་དངོས་འདེབས་ཁྱོན་ནུས་ལྡན་ངང་རྒྱ་ཆེར་གཏོང་བ། ལས་སྣོན་ཞིབ་ཚགས་བཅས་བྱས་ནས་བ་ཚྭ་ཅན་གྱི་ས་ཞིང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བའི་བརྩམས་ཆོས་ཆེན་པོ་ཡག་པོ་རྩོམ་དགོས་ཞེས་གསུངས་པ་རེད།

        ཚེས་12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་གློག་ཚན་ཐོན་ལས་རྨང་གཞིའི་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ནས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན། རང་བརྟེན་འགན་སྲུང་ནུས་པ་ཆེར་གཏོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་མ་ཟད། ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་སྙིང་ཏིག་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཡིན་པས། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས། འགག་རྩའི་གསར་གཏོད་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལེགས་ཆ་བཏོན་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ཐད་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཡོང་བར་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ཚན་རྩལ་ལས་དོན་པས་ཡང་འབད་བསྐྱར་འབད་དང་ཚན་རྩལ་གྱི་ཡང་རྩེར་འཛེགས་ནས་ལག་རྩལ་གསར་ཤོས་ཟམ་མི་ཆད་པར་འགག་སྒྲོལ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་དར་གྱི་རྒྱལ་ཁབ་ཆེན་པོའི་མཆོག་ནོར་དེ་བས་མང་བ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།

        ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཧོ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཧོ་པེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ལས་འགན་ཡིན་པའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལམ་བུ་གསར་པ་གཏོད་པ་དང་། ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་རིང་འགན་འཁྲི་གསར་པ་མངོན་པ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རིང་ཚད་བརྒལ་གསར་པ་ཡོང་བ། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་ལ་སྐུལ་འདེད་གཏོང་རིང་ལེགས་ཆ་གསར་པ་སྐྱེད་སྲིང་། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རིང་བྱས་རྗེས་གསར་པ་མངོན་པ། དཔལ་འབྱོར་ཞིང་ཆེན་སྟོབས་ཆེན་དང་མཛེས་སྡུག་ལྡན་པའི་ཧོ་པེ་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧོ་པེ་འཛུགས་སྐྲུན་བྱེད་པའི་ལེའུ་ཧུར་ཐག་རྩོམ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་3གྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོབ་པའི་ལས་དོན་འབོར་ཆེན་བསྒྲུབས་པས། ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ཕན་འབྲས་གསར་པ་ཐོན་པ་དང་། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་ལ་ཕན་འབྲས་རགས་ཙམ་ཐོན་པ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ། པེ་ཅིང་གི་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། “ལྕགས་ལམ་ཐོག་གི་ཅིང་ཅིན་ཅི”མགྱོགས་མྱུར་གྲུབ་པ། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་ཅིང་ཅིན་ཅིར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། ཅིང་ཅིན་ཅི་སོགས་ས་ཁོངས་གལ་ཆེན་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་ནི་རང་རྒྱལ་གྱི་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

        ཞི་ཅིན་ཕིང་གིས་གསུངས་དོན། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་པའི་འགག་རྩ་འདིར་དམ་འཛིན་ནན་པོ་བྱས་ནས་ཧུར་ཞིང་བརྟན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་། འཕར་ཚད་ཚོད་འཛིན་དང་གསོག་ཚད་ཉུང་གཏོང་ཟུང་འབྲེལ། ནང་ངོས་ཀྱི་ནུས་པ་བསྐྱར་སྒྲིག་དང་ཕྱི་ཕྱོགས་སུ་ཁ་འགྲེམས་གཞན་སྒྱུར་གཉིས་ཀ་མ་འཕྱུགས་པ་བཅས་བྱས་ནས་ཁ་འགྲེམས་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཕྱི་ཕྱོགས་སུ་ཁ་འགྲེམས་པར་དམ་འཛིན་ཡག་པོ་བྱས་ནས་ཁག་གཉིས་པར་ཁ་འགྲེམས་འགོ་ཚུགས་པའི་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་པུའུ་དང་དེ་བཞིན་རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སིའམ་ཡང་ན་གསར་གཏོད་ལས་སྒོ་སོགས་རྒྱུན་མཐུད་ཇུས་འགོད་བྱེད་དགོས། ཁ་འགྲེམས་པའི་ཐད་ཀྱི་ཡར་སྐུལ་དང་འཆུན་འདོམས་ཀྱི་སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་བརྒྱུད་ཕྱི་ཕྱོགས་སུ་ཁ་འགྲེམས་པའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། འབྱུང་རྩ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་འཕར་ཚད་ལ་སྔར་བས་ཚོད་འཛིན་ནན་པོ་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། པེ་ཅིང་གི“ཁུལ་གསར་གཉིས”འཛུགས་སྐྲུན་ལ་ཚད་བརྒལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས། པེ་ཅིང་གི་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་འཛུགས་སྐྲུན་བྱེད་པར་ཞུང་ཨན་ཁུལ་གསར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས“ཁུལ་གཉིས”ཀྱིས་མཉམ་དུ་ཤུགས་བརྒྱབ་སྟེ་པེ་ཅིང་གི་གྲོང་ཁྱེར་ཆེ་མོའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། ལྟེ་བའི་གྲོང་ཁུལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཕལ་པས་གཙོ་བོར་གཞོགས་འདེགས་དང་གཙོ་ཕལ་མཉམ་དར་ཡོང་བར་བྱེད་དགོས། པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲིད་འཛིན་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གཉིས་པ་ལྟེ་བའི་གྲོང་ཁྱེར་ཕལ་པར་སྤོ་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། སྟོང་ཆར་གྱུར་པའི་བར་མཐོངས་དག་གཙོ་བོ་རྒྱལ་སའི་ལྟེ་བའི་ནུས་པའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པར་སྤྱོད་དགོས། མཐའ་འཁོར་ས་ཁུལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མཐའ་འཁོར་འབྲེལ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་གྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་གསུམ་གྱི་གྲས་ཅིང་ཅིན་ཅིར་སློབ་གླིང་དང་སློབ་ཆེན་རྩེར་སོན་དང་ཞིབ་འཇུག་ཤེས་ལྡན་པ་རྩེར་སོན་ཧ་ཅང་མང་པོ་ཡོད་པས། གསར་གཏོད་ཀྱི་རྨང་གཞི་བརྟན་པ་དང་སྟོབས་ཤུགས་ཆེན་པོ་ལྡན་སྟབས། མཐུན་སྦྱོར་གསར་གཏོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། པེ་ཅིང་གི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་མཐོ་ས་གང་མགྱོགས་བཏོད་ནས། རང་རྒྱལ་གྱི་རང་བརྟེན་གསར་གཏོད་ཀྱི་འབྱུང་རྩ་གལ་ཆེན་དང་ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་གཙོ་བོ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐར་གཏུགས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་ནས་མཚོན་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རྒྱ་ཆེའི་མི་སེར་གྱིས་དོ་སྣང་དང་དོ་ཁུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་འདེགས་ཀྱི་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ཅིང་ཅིན་ཅི་ས་ཁུལ་དུ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས། པེ་ཅིང་དང་ཐེན་ཅིན་གྱི་སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཧོ་པེར་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ་ས་ཁོངས་ནང་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་། རིག་ཚན་འཛུགས་སྐྱོང་། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་མགྱོགས་པོ་བཏང་ནས། ས་ཁོངས་ནང་ཁུལ་གྱི་མཐུན་སྦྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། པེ་ཅིང་དང་ཐེན་ཅིན་གཉིས་ཀྱིས་ལས་དོན་ཡག་པོ་བསྒྲུབས་ཏེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཁུལ་ཁོངས་འཕེལ་རྒྱས་ཀྱི་མཐོ་ས་ཐུན་མོང་ཐོག་བཏོད་དེ་ཅིང་ཅིན་ཅིའི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་རིང་ཁྱབ་འགྱེད་སྐུལ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པ་རྩེར་སོན་འདོན་དགོས། པེ་ཅིང་གི་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་དང་ཐེན་ཅིན་གྱི་སྔོན་ཐོན་བཟོ་སྐྲུན་ཞིབ་འཇུག་གསར་སྤེལ་གྱི་ལེགས་ཆ་ཟུང་འབྲེལ་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཅིང་ཅིན་ཅིའི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་མཉམ་དུ་བསྐྲུན་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ནི་འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ་ཅིང་ཅིན་ཅིའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1