༄༅།།དམངས་ཁྲོད་རྩོམ་ཡིག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 05-16


སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད།།

ཆོས་དམ་ཆོས་མགོ་ཡི་ཉི་ཟླ་རེད།།

ནང་བན་ཆུང་སྐེད་ཀྱི་བང་རིམ་རེད།།

ཆོས་ཀུན་རིག་ཁོག་གི་གཟུངས་གཞུག་རེད།།


སྨད་རྒྱ་ནག་དངུལ་གྱི་མཆོད་རྟེན་རེད།།

གོང་དཔོན་པོ་མགོ་ཡི་ཉི་ཟླ་རེད།།

ནང་མང་ཚོགས་སྐེད་ཀྱི་བང་རིམ་རེད།།

ཁྲིམས་བཙན་པོ་ཁོག་གི་གཟུངས་གཞུག་རེད།།


ནང་ཁྲོམ་པ་དུང་གི་མཆོད་རྟེན་རེད།།

ཕ་ཨ་ཁུ་མགོ་ཡི་ཉི་ཟླ་རེད།།

བུ་སྤུན་ཟླ་སྐེད་ཀྱི་བང་རིམ་རེད།།

གླུ་རྩེད་རིགས་ཁོག་གི་གཟུངས་གཞུག་རེད།།


དགུང་ཉི་མ་གནམ་གྱི་སྲོག་ཤིང་རེད།།

ལྷོ་འཛམ་བུ་གླིང་གི་ཕ་མ་རེད།།

དགུན་ཙག་གིས་མི་ཁྱེར་འདི་ཡི་དྲིན།།

དགུང་ཉི་མའི་སྐུ་དྲིན་གླུ་ཡིས་བསྟོད།།


ཆུ་ཆེན་པོ་ས་ཡི་སྲོག་ཤིང་རེད།།

ནང་སྐྱེ་དངོས་སྐྱོང་གི་ཕ་མ་རེད།།

ལྟོགས་སྐོམ་པས་མ་ཁྱེར་འདི་ཡི་དྲིན།།

ཆུ་གཙང་བོའི་སྐུ་དྲིན་གླུ་ཡིས་བསྟོད།།


དཔོན་ཆེན་པོ་དམངས་ཀྱི་སྲོག་ཤིང་རེད།།

དམའ་ཉམ་ཐག་འགྲོ་བའི་ཕ་མ་རེད།།

སྡུག་དཀའ་ལས་མ་ཡོང་འདི་ཡི་དྲིན།།

དཔོན་མཐོན་པོའི་སྐུ་དྲིན་གླུ་ཡིས་བསྟོད།།


སེང་ཨ་དྲུག་གྲུབ་པའི་མཁར་ཁ་ནས།།

གོས་ཡག་པ་ཡོད་ན་མཉམ་གྱོན་བྱོས།།

ཁྱིམ་བཟའ་ཚང་སྡོང་མགོའི་བྱ་ཚང་འདྲ།།

བྱ་ཚང་ནས་ནམ་འཕུར་ཆ་མེད་རེད།།


སེང་ཨ་དྲུག་གྲུབ་པའི་མཁར་རྐེད་ནས།།

གླུ་སྙན་མོ་ཡོད་ན་མཉམ་ལེན་བྱོས།།

སྤུན་ན་ཟླ་དོང་ནང་མེ་ཏོག་འདྲ།།

དགྲ་བ་མོས་ནམ་འཁྱེར་ཆ་མེད་རེད།།


སེང་ཨ་དྲུག་གྲུབ་པའི་མཁར་རྟིང་ནས།།

ཟས་ཞིམ་པོ་ཡོད་ན་མཉམ་ཟ་བྱོས།།

དྲིན་ཕ་མ་ལ་མགོའི་ཉི་ཟེར་འདྲ།།

ནག་འཚུབ་སེར་ནམ་འགྲོ་ཆ་མེད་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1