བོད་ལྗོངས་ཀྱི་ཡུལ་འདིར་གནའ་བོའི་བང་སོའི་ཚོགས་རྙེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-17



གནའ་བོའི་བང་སོའི་ས་ངོས་ཀྱི་རྩིག་རྨང་།

        ཟླ་5ཚེས་7ཉིན། རྒྱལ་རྩེ་རྫོང་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག  རྒྱལ་རྩེ་རྫོང་གི་གནས་སྤོ་མི་ཐུབ་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཚོ་ཆུང་གིས་ཤང་དང་གྲོང་རྡལ་ཁག་གི་གྲོང་ཚོའི་(གྲོང་ལྷན)སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ནས། གནས་སྤོ་མི་ཐུབ་པའི་རིག་དངོས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་ཁག་བགོས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་རེད།

        ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད། རིག་དངོས་ས་ཚིགས་21གསར་དུ་ཤེས་རྟོགས་བྱུང་བའི་ནང་གནའ་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་འཛུགས་སྐྲུན། བྲག་ཕུག་དགོན་པ་དང་དེ་བཞིན་རྡོ་བརྐོས། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་སོགས་ཚུད་ཡོད་པ་རེད། དེའི་ཁྲོད་ནས་རིག་དངོས་ས་ཚིགས་གལ་ཆེན་6དང་། ལྷག་པར་དུ་མྱང་ཆུ་གཙང་པོའི་དབུས་རྒྱུད་དུ་གསར་དུ་ཤེས་རྟོགས་བྱུང་བའི་གནའ་བོའི་བང་སོའི་ཚོགས་ཀྱི་གཞི་ཁྱོན་ཅུང་ཆེ་བ་དང་། ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དང་། བང་སོ་ས་ངོས་ཀྱི་རྩིག་རྨང་མང་ཆེ་བར་རྡོ་ཕུང་གིས་བསྐོར་བའི་བཟོ་བཀོད་དངོས་པོ་ཡོད།

        བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱིས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། གནའ་བོའི་བང་སོའི་ཚོགས་དེ་ནི་སུའེ་ཐང་རྒྱལ་རབས་ཀྱི་དུས་སམ་ཡང་ན་ཐང་རྒྱལ་རབས་བོད་བཙན་པོའི་དུས་སྐབས་སུ་ཡིན་སྲིད། མིག་སྔར་ཤེས་རྟོགས་བྱུང་བའི་དཔྱད་གཞིར་བལྟས་ན། གནའ་བོའི་བང་སོའི་ཚོགས་དེ་མྱང་ཆུ་གཙང་པོའི་འབབ་རྒྱུད་དུ་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་རེད། དེ་ཤེས་རྟོགས་བྱུང་བ་ཡིས་མྱང་ཆུ་འབབ་རྒྱུད་ཀྱི་གནའ་བོའི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཚུལ་བསྐྱར་བསྐྲུན་དང་། བོད་ལྗོངས་དབུས་ལྷོ་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་ཚུལ་ལ་གྲོས་བསྡུར་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་རིག་དངོས་ཀྱི་དཔྱད་གཞིའི་རིན་ཐང་ཡང་ལྡན་ཡོད།

        རྒྱལ་རྩེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་ཕུར་བུ་བསྟན་འཛིན་གྱིས་བཤད་རྒྱུར། རིག་གནས་ཤུལ་བཞག་ཐོན་ཁུངས་ཡོངས་བཤེར་ལས་དོན་མུ་མཐུད་སྤེལ་བཞིན་ཡོད། ང་ཚོས་རྒྱལ་རྩེ་རྫོང་གི་ཤང་གྲོང་དང་གྲོང་ཚོར་(གྲོང་ལྷན)ཁྱབ་པ་བྱ་རྒྱུ་མ་ཟད། རྒྱལ་རྩེ་རྫོང་གི་ས་ཁོངས་ནང་གི་གནས་སྤོ་མི་ཐུབ་པའི་རིག་དངོས་ཐོན་ཁུངས་ཕྱོགས་ཡོངས་ནས་སྔོག་འདོན་བྱས་ཏེ། ནུས་ལྡན་ངང་སྲུང་སྐྱོབ་དང་ལུགས་མཐུན་ངང་བེད་སྤྱོད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས། རིག་གནས་ཀྱི་གཞི་གྲངས་མཐིལ་རྟོགས་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྩིས་ཡོད།

སྐྱིད་རི་གནའ་བོའི་བང་སོའི་ཚོགས་པའི་མཆན་རྟགས།

སྐྱིད་རིའི་སྟེང་གི་གནའ་བོའི་བང་སོའི་ཚོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1