༄༅།།སྐྱ་ལོའི་སེང་ལྕམ་འབྲུག་མོས་ཤན་པ་ལ་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 05-18


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་རེ་རེ་མི་ལེན་ཀ་མེད་མེད། །

   རེ་རེ་མ་བླངས་ཚོད་ཡོད་རེད། །

   སྐྱིད་ན་ཇ་ཆང་མཚར་གླུ་རེད། །

   སྡུག་ན་རང་སེམས་སྐྱོ་གྲོགས་རེད། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཤར་ཇ་མཁར་རིང་མོའི་ཡང་ཐོག་རེད། །

   ང་དང་ང་ངོ་མ་ཤེས་ན། །

   གླིང་བཟའ་སེང་ལྕམ་འབྲུག་མོ་ཡིན། །

   གླུ་འདི་གླུ་ངོ་མ་ཤེས་ན། །

   སེར་མོའི་ན་རམ་ཁུགས་འགྱུར་རེད། །

   ཧོར་ལྟས་ངན་ནང་གི་སོ་བ་ལ། །

   སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   ཁྱོད་གང་གི་ལམ་ལ་འགྲོ་རྒྱུ་ཡིན། །

   ཕ་ཤི་ར་མདའ་ག་ན་ཡིན། །

   མ་ཤི་མོ་གྱོད་སུ་ལ་ཐུག །

   བྱང་ཨ་ཆེན་ལྷགས་པས་རྒྱབ་ནས་དེད། །

   ཡུལ་གྲུ་བཞིའི་མུ་གེ་སྔོན་ལ་ཁྱེར། །

   ཁ་ཆག་ག་ནས་ཡོང་བ་ཡིན། །

   ཉོན་དང་ཚིག་གསུམ་འདྲ་མ་ཡོད། །

   ང་གླིང་བཟའ་སེང་ལྕམ་འབྲུག་མོ་འདི། །

   ཤར་སྒྲོལ་མ་དཀར་མོའི་སྐྱེ་བ་ཡིན། །

   འཛམ་གླིང་སེང་ཆེན་གེ་སར་དང་། །

   ཆོས་བྱ་བ་གཅིག་ལ་སྨོན་ལམ་བཏབ། །

   ལྷ་ཤཱཀྱའི་བསྟན་པ་ཨེ་ཚུགས་བསམས། །

   བོད་དབུ་ནག་གི་བདེ་སྐྱིད་ཨེ་དར་བསམས། །

   ལུས་ཤ་ཁྲག་སྦུམས་སུ་འཁྲུངས་ལེ་ཡིན། །

   སྒེར་ཇུས་མ་ཡིན་སྤྱི་དོན་ཡིན། །

   ཁྱོད་ཧོར་ངན་གུར་དཀར་རྒྱལ་པོ་དེ། །

   གོང་མ་ལྷ་ནས་སྨོན་ལམ་ལོག །

   ཤཱཀྱའི་ཆོས་ལ་བསམ་པ་ནག །

   འཛམ་གླིང་བོད་ལ་ཞེ་ཁ་རྩུབ། །

   གནམ་ཐེལ་དཀར་པོའི་སྐྱེ་བ་རེད། །

   དམ་ཚིག་བཀའ་བསྒོ་མཐའ་ནས་ལོག །

   དེས་མི་ཚད་གླིང་དཀར་མཐོང་སྨོན་འདི། །

   ལྷ་ཡི་དཀྱིལ་འཁོར་བཞེངས་འདྲ་ལ། །

   རྔམ་ནག་སེར་བས་བརྡུངས་འདྲ་བྱས། །

   ལས་རྔན་ཆེན་མ་བཏོན་ཅི་ཡང་མེད། །

   ང་གླིང་བཟའ་སེང་ལྕམ་འབྲུག་མོ་འདི། །

   འགྲོ་མི་དགོས་རྐང་མཐིལ་མི་སྟོན་ངེས། །

   བརྒྱ་ལ་མི་འཇོག་འཁྲིད་བསམས་ན། །

   དག་པ་རྒྱལ་བའི་ཞིང་ཁམས་ན། །

   ཆོས་ལོངས་སྤྲུལ་སྐུའི་སངས་རྒྱས་བཞུགས། །

   དེ་ལ་དགོངས་པ་ཁྱོད་རང་ཞུས། །

   ལྷ་ཆེན་དུང་གི་ཐོར་གཙུག་ཅན། །

   གཉན་རྒོད་ཟུར་ཕུད་ལྔ་པ་དང་། །

   གཙུག་ན་མལ་གྲོ་གཟི་ཅན་བཞུགས། །

   དེ་ཚོར་དགོངས་པ་ཁྱོད་རང་ཞུས། །

   མ་ཅིག་གྲུབ་པའི་རྒྱལ་མོ་ནས། །

   ནེ་ནེ་གཡུ་ཡི་སྒྲོན་མས་གཙོས། །

   མ་རྒྱུད་མཁའ་འགྲོ་འབུམ་ཚོགས་ལ། །

   འབྲུག་མོ་ཧོར་ལ་གནང་དགོས་ཞུས། །

   ད་དུང་དེ་ཡིས་མི་ཚད་པའི། །

   ཡར་ཁམས་བྱང་མའི་རི་བརྒྱད་ལ། །

   འཛམ་གླིང་གེ་སར་དགྲ་འདུལ་བཞུགས། །

   དཔོན་མོ་ཧོར་ལ་གནང་དགོས་ཞུས། །

   འབུམ་པའི་ཞལ་ལུ་དཀར་པོ་གཅིག །

   དར་འཕེན་དུག་གི་སྡོང་བོ་གཉིས། །

   གསེར་པའི་ཉི་འབུམ་དར་ཡག་གསུམ། །

   གླིང་དཀར་རྒྱལ་པོ་ཆེ་གསུམ་ལ། །

   ཞུ་བ་ཕྱག་འབུལ་ཁྱོད་རང་གྱིས། །

   ཡབ་ཆེན་སེང་བློན་རྒྱལ་པོ་དང་། །

   ཁུ་བོ་སྤྱི་དཔོན་ཁྲ་རྒན་གཉིས། །

   ཕ་ཁུ་སྟག་གཟིག་ཁ་སྤྲོད་ལ། །

   ཨ་འབྲུག་ཧོར་ལ་དགོས་ཏོ་གྱིས། །

   དགོངས་གནང་མི་འགྲོ་ཀ་མེད་ཡིན། །

   དེ་མིན་ཇ་མཁར་རིང་མོ་འདི། །

   དམའ་འབེབས་རྩ་ནས་ཕབ་རྟིང་ནས། །

   འབྲུག་མོ་དབང་མེ་འཁྲིད་བསམས་ཀྱང་། །

   དར་མདུང་ཁྲ་མོས་གཤོག་གུར་ཕུབ། །

   ཚེ་གོས་སྨུག་པོས་གཤོག་འགྱུར་བརྒྱབ། །

   གོང་མ་ལྷ་ལ་མི་འཕུར་རི། །

   མ་མཁའ་འགྲོ་ཚོགས་ལ་མི་འགྲིམ་རི། །

   རྩོད་པའི་རྡོ་ལུ་དཀར་ཆུང་དེ། །

   གཉིས་མེད་གཡང་ལ་མི་སྒྲིལ་རི། །

   ཡང་ན་ཧོར་ལ་འགྲོ་བ་ལས། །

   སྔོན་མོ་ཆུ་ལ་མི་མཆོང་རི། །

   དམར་མོ་མེ་ལ་མེ་ལྕེབ་རི། །

   དེ་ཚེ་གུར་དཀར་བཤད་རྒྱུ་ཅི། །

   ཧོར་རྒོད་པོའི་ར་མདའ་དེ་ནས་གྱིས། །

   ཤན་རྩལ་ཆེན་ཡོད་ན་རྒྱབ་འདེད་ཀྱིས། །

   ཉིན་གསུམ་རྟགས་ལམ་ངན་དང་གཅིག །

   མཚན་གསུམ་རྨི་ལམ་ངན་དང་གཉིས། །

   ཁྱོད་ཤན་ནག་གི་གླུ་ལེན་ངག་འགུགས་གསུམ། །

   ལྟས་ངན་པ་གུར་དཀར་མགོ་ལ་སྒྱུར། །

   བསྒྱུར་ནས་སྙིང་ཁྲག་ས་ལ་འཕོ། །

   ང་སེང་ལྕམ་ན་ཆུང་འབྲུག་མོ་འདི། །

   རང་ཇུས་གཞི་བརླིང་ཟིན་པར་ཤོག །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཤན་པའི་ཡིད་ལ་དེ་ལྟར་ཞོག །

   ཅེས་ཟེར་ནས། གླུ་ཐུང་ཐུང་དེ་ལྟར་བླངས་པ་དང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1