༄༅།།བླ་ཚང་གནའ་ཤུལ་གྱི་སྔོན་ཆད་དང་ད་ལྟ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 05-25


   མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱིས«ནུབ་མཚོ་གྲོང་ཁྱེར་ཚགས་པར»དང་མཉམ་དུ“མཚོ་སྔོན་རིག་དངོས་ཀྱི་སྔོན་ཆད་དང་ད་ལྟ”ཞེས་པའི་མུ་འབྲེལ་ཐད་གཏོང་གི་ལེའུ་གཉིས་པ་སྟེ་གནའ་ཤུལ་གྱི་ཐད་གཏོང་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཚུན་ཡུན་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཝང་ཆིང་ཆེང་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་ཚའེ་ལིན་ཧའེ་བཅས་ཐད་གཏོང་ཁང་དུ་ཕེབས་ནས་བླ་ཚང་གི་གནའ་ཤུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་བརྗོད།

       བླ་ཚང་གི་གནའ་ཤུལ་ནི་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་བླ་ཚང་གྲོང་ཚོ་ན་ཡོད་ཅིང་། 1981ལོར་རྙེད། དུས་ད་ལྟའི་བར་དུ་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ལས་ལོ་རྒྱུས་སྔོན་གྱི་གནའ་ཤུལ་ཁྲོད་ས་ཁམས་ཀྱི་ཆག་འཇིག་བྱུང་བའི་གནའ་ཤུལ་ཆེ་ཤོས་ཤིག་ཡིན་ཞིང་། ད་ལྟའི་བར་ལོ་ངོ4000ཡོད་པ་རེད།  གནས་དེ་གར་དོན་དམ་ཆག་འཇིག་ག་འདྲ་ཞིག་བྱུང་བ་དང་། ཆག་འཇིག་དེ་གནའ་བའི་དུས་ཀྱི་གཏམ་རྒྱུད“ཏཱ་ཡུས་ཆུ་འགོག”ལ་འབྲེལ་བ་ཡོད་མེད་ཐད་ནས་ཀྲོའུ་ཚུན་ཡུན་དང་ཚའེ་ལིན་ཧའེ་གཉིས་ཀྱིས། བླ་ཚང་གི་གནའ་ཤུལ་ལ་བལྟས་ཡོང་ན་ས་ཡོམ་དང་ཆུ་ལོག་སོགས་རང་བྱུང་གི་ཆག་འཇིག་མང་པོ་ཁྲོད་ནུབ་པའི་མཇུག་འབྲས་མངོན་ཡོད་ན་ཡང་། དེ་དང“ཏཱ་ཡུས་ཆུ་འགོག”བར་ལ་ད་སྔ་ཚན་རིག་དང་མཐུན་པའི་ར་སྤྲོད་ཐུབ་མེད་ཟེར།  ལོ་ངོ4000སྔོན་ལ། གློ་བུར་བའི་རང་བྱུང་ཆག་འཇིག་ཁྲོད། ལ་ལས་ཁང་པ་ལུས་ཀྱིས་བཏེགས་པ་དང་། ལ་ལས་ཕྲུ་གུ་པང་དུ་འཁྱུད་པ། ལ་ལས་ཐུག་པ་ཕོར་གང་འཐུང་དབང་མེད་པ་སོགས་མཐོང་བ་ཙམ་གྱིས་སྙིང་འདར་བའི་སྣང་ཚུལ་སྣ་ཚོགས་བླ་ཚང་གི་རྒྱལ་ཁབ་གནའ་རྫས་གནའ་ཤུལ་སྤྱི་གླིང་གིས་ཇི་མ་ཇི་བཞིན་སྲུང་སྐྱོབ་བྱས་ཡོད་ལ། དེ་ལས་ཆག་འཇིག་གིས་སེམས་ཅན་ཁྲི་མ་འབུམ་རྩ་ནས་བརླག་ཐུབ་ཀྱང་། མིའི་རིགས་ཀྱི་འཚོ་བར་སྙེག་པའི་རང་གཤིས་གཟི་བོ་བརླག་མི་ཐུབ་པར་མ་ཟད། ལོ་རྒྱུས་ཀྱི་རྒྱུན་བསྐྱངས་ཏེ་དཔལ་ཡོན་གྱི་ལོངས་སྤྱོད་ཆད་མེད་དུ་བསགས་བའི་སྤོབས་པ་ནི་ནམ་ཡང་འགོག་ཐབས་མེད་པ་མཚོན་ཡོད།  བླ་ཚང་གི་གནའ་ཤུལ་ལས་རྙེད་པའི་ཐུག་པ་ནི་འཛམ་གླིང་སྟེང་གི་ཐུག་པ་དང་པོ་ཡིན་མིན་སྐོར།  2000ལོར་གནའ་རྫས་རྟོག་ཞིབ་མཁས་པས་བླ་ཚང་གི་གནའ་ཤུལ་ནས་ལོ་ངོ4000སྔོན་གྱི་ཐུག་པ་ཞིག་སྔོག་འདོན་བྱས་ལ། སྐབས་དེར་ཚེའ་ལིན་ཧའེ་ཐུག་པའི་ཕོར་བ་དེ་སྔོག་པའི་ཡུལ་དངོས་ན་ཡོད།

   

ཚའེ་ལིན་ཧའེ་ཡིས་འདི་སྐད། ཕོར་བ་དེ་རྙེད་པའི་ཉིན་དང་པོ་ནས་གཙང་སེལ་གྱི་བར་ཉིན40ཕྱིན། ཕོར་བ་དེ་ཇི་མ་ཇི་བཞིན་འདོན་ཆེད་ང་ཚོས་ཧ་ཅང་གཟབ་གཟབ་བྱས་པ་ཡིན། ཕོར་བ་འདོན་པའི་གོ་རིམ་ཁྲོད། ཕོར་བའི་ནང་དངོས་པོ་ཁ་དོག་སྐྱ་བོ་ཞིག་འཁྱིལ་བ་མཐོང་མ་ཐག་ང་ཚོས་དེ་ཁ་དབུགས་ཀྱིས་ཟད་བར་དོགས་ནས་ལམ་སེང་པར་བླངས་རྗེས་ཕྱིར་ཁ་བརྒྱབ་པ་ཡིན་ཟེར།  ཚའེ་ལིན་ཧའེ་ཡིས་འདི་སྐད། རིག་དངོས་ལ་ཆག་སྐྱོན་འབྱུང་བར་དོགས་ནས་ང་ཚོས་ཤོག་སྒམ་ཆེན་པོ་ཞིག་ནང་སྐྱོར་སྟན་སྲ་མོ་ཞིག་བཟོས་ནས་བཞག་རྗེས་ལམ་སང་མེ་འཁོར་བསྡད་དེ་པེ་ཅིང་དུ་དབྱེ་འབྱེད་བྱེད་པར་བསྐྱོད། པེ་ཅིང་ནས་ཤོག་སྒམ་ཁ་ཕྱེས་པ་ན་ཕོར་ནང་གི་རིག་རྫས་བྱེ་མར་འདྲེས་འདུག སྐབས་དེར་པེ་ཅིང་དུའང་ཆེད་ལས་ཀྱི་དབྱེ་འབྱེད་བྱེད་མཁན་མེད་པའི་དབང་གིས་ལོ་གཅིག་ལྷག་ལ་པེ་ཅིང་དུ་བཞག མཐར་ཆེད་ལས་ལག་རྩལ་ལ་བརྟེན་ནས་བྱེ་མ་དང་ཐུག་པ་སོ་སོར་ཕྱེས་ནས་ཞིབ་འཇུག་བྱས། 2005ལོར«རང་བྱུང»དུས་དེབ་ཀྱིས་བླ་ཚང་གི་གནའ་ཤུལ་ནས་འཛམ་གླིང་སྟེང་གི་ཆེས་སྔ་བའི་ཐུག་པའི་དངོས་དཔང་རྙེད་སྐོར་ཁྱབ་སྒྲོག་བྱས་ཟེར།ཐུག་པ་དེ་འཛམ་གླིང་སྟེང་ཆེས་སྔ་ཤོས་ཀྱི་ཐུག་པ་ཡིན་མིན་སྐོར་ནས་ཀྲོའུ་ཚུན་ཡུན་གྱིས་འདི་སྐད། དེ་ནི་འཛམ་གླིང་སྟེང་ཆེས་སྔ་ཤོས་ཀྱི་ཐུག་པ་ཡིན་མིན་ལ་གནའ་རྫས་ཞིབ་འཇུག་ཁྲོད་བདེན་དཔང་ཅི་ཡང་ཐོབ་མེད་ན་ཡང་། ད་སྔ་ཆེས་སྔ་ཤོས་ཀྱི་ཐུག་པ་དེ་ཀྲུང་གོའི་མཚོ་སྔོན་ནས་རྙེད་པ་ཁ་ཚོན་བཅད་ཆོག་ཟེར།བླ་ཚང་ནི་གནའ་བོའི་མངའ་སྡེ་རྒྱལ་ཁབ་ཅིག་ཡིན་ནམ། ཀྲོའུ་ཚུན་ཡུན་གྱིས་འདི་སྐད། བླ་ཚང་གི་གནའ་ཤུལ་ནི་ཚབ་མཚོན་རང་བཞིན་གྱི་ཆི་ཚང་གི་རིག་གནས་གཙོ་བྱས་པའི་ལོ་རྒྱུས་སྔོན་གྱི་གནའ་ཤུལ་ཞིག་ཡིན་ཞིང་། དེ་རྙེད་པ་ནས་ད་ལྟའི་བར་དུ། གནའ་རྫས་རྟོག་ཞིབ་མཁས་པས་དེ་ལས་ངོས་ཟིན་ཟབ་མོ་བྱུང་། ཁོ་ཚོས་རིག་རྫས་དེ་ལ་སྔོག་བཤེར་ཚད་ལེན་བརྒྱུད་བླ་ཚང་གི་གནའ་ཤུལ་ལ་མ་མཐའ་ཡང་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི67ཡོད་ཅིང་། ད་ལྟ་སྔོག་འདོན་བྱས་པའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི1ལ་མི་ལོངས་བ་ཙམ་ཟིན་པས། གནའ་རྫས་རིག་དཔྱད་པའི་ཚོད་དཔག་ལས་བརྒལ་ཡོད།

        བླ་ཚང་ནི་གནའ་བོའི་མངའ་སྡེ་རྒྱལ་ཁབ་ཅིག་ཡིན་ནམ་ཞེ་ན། གདན་ཞུའི་སྐུ་མགྲོན་གསུམ་གྱིས་རིག་དངོས་དང་རིག་དངོས་ཀྱི་རྒྱབ་ལྗོངས་ལ་གཞིགས་ནས་འདི་སྐད། གནའ་ཤུལ་གྱི་ཐང་ཆེན་ཆུང་ཆུང་ལས་བླ་ཚང་གི་གནའ་ཤུལ་ནི་ཆི་ཚང་གི་རིག་གནས་དུས་སྐབས་ཀྱི་སྤྱི་ཚོགས་བྲལ་རིམ་དང་སྒྲིག་འཛུགས་མཚོན་ལ། དེ་ཡང་དུར་ས་དང་དུར་བདག་ནི་ལྷ་བ་ཞིག་ཡིན་སྲིད་ལ། ཡང་ན་ཆི་ཚང་གི་རིག་གནས་མགོ་དཔོན་ཞིག་ཡིན་ཡང་སྲིད་དེ། རྨ་ཆུའི་གཏེར་རྡོ་རྒྱལ་པོའི་རྡོ་ཆས་ནི་བླ་ན་མཐོ་བའི་དབང་ཤུགས་ཀྱི་མཚོན་བྱེད་ཉག་ཅིག་ཡིན། གཡང་ཊིའི་རལ་གྲི་ཆེན་མོ་ནི་ད་ལྟ་བར་རྙེད་པའི་གཡང་ཊིའི་རལ་གྲི་ཆེ་ཤོས་ཡིན་ལ། དེ་ཡང་གཏེར་རྡོ་རྒྱལ་བོ་དང་འདྲ་བར་ཐོབ་ཐང་དང་། གོ་གནས། དབང་ཤུགས་ཀྱི་མཚོན་བྱེད་ཡིན་པས་རྒྱལ་པོར་དབང་པའི་མཚོན་ཆ་ཡིན། རིག་རྫས་འདི་དག་ལས་བླ་ཚང་གི་འདུས་སྡོད་ནི་ལོ་རྒྱུས་སྔོན་གྱི་དུས་སྐབས་ཤིག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཀྱི་ལྟེ་བ་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་སྔོན་གྱི་འདུས་སྡོད་ཀྱི་ལྟེ་བ་དང་གནའ་བོའི་མངའ་སྡེ་རྒྱལ་ཁབ་ཅིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མཚོན་ཐུབ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1