ཕྱི་རྒྱལ་སྐུ་མགྲོན་ཚོའི་སྤྱན་ལམ་གྱི་བོད་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-25



        སྤྱི་ཟླ་5པའི་ཚེས་16ནས་ཚེས་21ཉིན། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་དང་ཀྲུང་ཕྱིའི་སྐུ་མགྲོན་ལས་གྲུབ་པའི་སྤྱི་ལོ་2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པས་བོད་ལྗོངས་སུ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད།

        ཉིན་ཤས་བསྟུད་མར། ལྟ་སྐོར་འཚམས་འདྲི་ཚོགས་པ་དེ་སྔ་རྗེས་སུ་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དང་། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤོ་དགའ་གྲོང་ཚོ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་། བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ནོར་བུ་གླིང་ཁ། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་། ཕོ་བྲང་པོ་ཏ་ལ། གཙུག་ལག་ཁང་། ཡར་འབྲོག་གཡུ་མཚོ། ལྷོ་རིའི་སྤྱི་གླིང་སོགས་སུ་རྟོག་ཞིབ་གནང་བར་ཕེབས་པ་རེད།ས་ཆ་དེ་དག་ལ་སླེབས་དུས་ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ལྟ་ལྐོར་ཞིབ་ཕྲ་བྱེད་པ་དང་། བྱམས་བརྩེའི་ངང་སྤེལ་རེས་བྱེད་པ། ཟིན་བྲིས་ནན་ཏན་འགོད་པ།  དངོས་སུ་ཉམས་ལེན་བྱེད་པ་བཅས་བྱས་ཏེ་ས་གནས་ས་ཐོག་ཏུ་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས།ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ། རིག་དངོས་གནའ་ཤུལ་སྲུང་སྐྱོང་།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གྲུབ་འབྲས་ཉམས་ཞིབ་བྱས་པ་རེད།ལྟ་སྐོར་དང་རྟོག་ཞིབ་བྱས་པ་བརྒྱུད་ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་ཤིག་མཐོང་བྱུང་ལ་དུས་རབས་གསར་པའི་བོད་ལྗོངས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་མཐོང་བྱུང་ཞེས་བཤད་པ་རེད།

        ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་འཆི་མེད་ཀྱི་ཁྱིམ་ནང་ལག་ཏུ་ཇ་བསྲུབས་མ་འཁྱེར་བའི་འཇར་མན་གྱི་སྐུ་མགྲོན་ལིའུ་ཞའོ་ཞུང་ (Alexander Birle) གིས་གྲོང་ཚོའི་ནང་གི་ཕྲུ་གུ་སློབ་གྲྭར་འགྲོ་ཚུལ་ཐད་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས། གྲོང་ཚོའི་ནང་དུ་ཕྲུ་གུ་ག་ཚོད་ཡོད་དམ།གྲོང་རྡལ་གྱི་སློབ་གྲྭར་སློབ་མ་ག་ཚོད་ཤོང་ཐུབ་བམ་ཞེས་དྲི་བ་མང་པོ་བཏོན་པ་དང་། ཁ་བྲལ་སྐབས་ཁོང་གིས་འཆི་མེད་ཚང་གི་མཛེས་སྡུག་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ལ་ལྟ་བཞིན། ང་རང་ཉིང་ཁྲིར་སླེབས་པ་ཐེངས་དང་པོ་ཡིན་མོད། འོན་ཀྱང་རྗེས་མར་ཡང་བསྐྱར་ཉིང་ཁྲིར་ཡོང་རྒྱུ་ཡིན། ཉིང་ཁྲི་དངོས་གནས་མཛེས་པོ་འདུག་ཅེས་དགའ་སྤྲོའི་ངང་བཤད་པ་རེད།

        པེ་ཅིང་ཅིང་ཤིས་སློབ་གྲྭའི་མཉམ་འབྲེལ་གསར་འཛུགས་པ། ད་ལོ་ལོ་72ལ་སླེབས་པའི་ཁེ་མ་ཁའེ (Michael Crook) ནི་དབྱིན་ཇི་བ་ཞིག་ཡིན་ཞིང་། ཁོང་གིས་བོད་ལྗོངས་ཀྱི་ཕྲུ་གུའི་སློབ་གསོའི་ཐད་ལ་ཡང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་རྟོག་ཞིབ་བྱེད་སྐབས་ཁོང་གིས་སྤྲོ་སྣང་ཆེན་པོས་ལོ་རིམ་བཞི་པའི་སློབ་མ་ཚོའི་དབྱིན་ཡིག་སློབ་དེབ་ཀྱང་པེ་ཅིང་གི་སློབ་མ་ཚོའི་སློབ་དེབ་དང་པར་གཞི་གཅིག་པ་རེད།རྒྱ་རིགས་སློབ་མར་གཟའ་འཁོར་རེར་བོད་སྐད་ཡིག་སློབ་ཚན་གཉིས་ཁྲིད་ཀྱི་ཡོད་པ་མ་ཟད།ད་དུང་ཕུན་སུམ་ཚོགས་པའི་སློབ་རའི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་འདུག སློབ་མ་ཚོའི་སློབ་སྦྱོང་གི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུགསློབ་ཕྲུག་ཚོའི་འཛུམ་མདངས་མཐོང་སྐབས་ང་ཡང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

        ལྟ་སྐོར་དང་རྟོག་ཞིབ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ལྟ་སྐོར་འཚམས་འདྲི་ཚོགས་པས་བོད་ལྗོངས་ལ་རྒྱུས་མངའ་ལོན་ཚད་ཟབ་ཏུ་ཕྱིན་ཡོད།རྒྱལ་ཁོངས་སིང་ཀ་ཕོར་ནས་ཡིན་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཞུས་ཅིང་ལིན། (HooiKengLeun Alexis John) གྱིས་སྤྱི་ལོ་2019ལོའི་ཟླ་6པར་བོད་ལྗོངས་ལ་འཚམས་འདྲི་བྱས་མྱོང་། ད་ཐེངས་བོད་ལྗོངས་སུ་སྐྱོད་པའི་སྐོར་གླེང་སྐབས་ཁོང་གིས།ཐེངས་འདིར་ང་ཚོ་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་བསྡད་ནས་ཕྱིན་པ་ཡིན། ཉིང་ཁྲི་ནས་ལྷ་ས་བར་གྱི་ལམ་བར་དུ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་བྱས་པ་དང་། བོད་ལྗོངས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་མྱོང་ཚོར་ཐུབ་བྱུང་ཞེས་བཤད་པ་རེད།

        ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པི་ཧྲི་ནུའུ·ཕུའུ་ཁར་·ཧྲི་ལུའེ་སི་ཐ་ (BishnuPukar Shrestha) ཡིས་བཅར་འདྲི་དང་ལེན་བྱེད་སྐབས། བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་ཡིན་པ་དང་འཛམ་གླིང་ཡོངས་ཀྱི་མིག་དབང་འཕྲོག་ཡོད། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། སློབ་གསོ་ཁྱབ་གདལ་གཏོང་ཚད། ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཐོ་རིམ་ཚན་རྩལ་བཀོལ་སྤྱོད་སོགས་གང་ཡིན་རུང་བོད་ལྗོངས་ལ་ཉེ་བའི་ལོ་ཤས་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་མི་དམངས་ཀྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་སོགས་ངས་དངོས་སུ་མཐོང་བྱུང་།དེའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་གིས་བཏོན་གནང་བའི་སྲིད་ཇུས་དག་བོད་ལྗོངས་སུ་ལག་བསྟར་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་དུ་སློབ་གསོའི་ཐད་ཀྱི་མ་དངུལ་གཏོང་ཚད་དེ་མི་རྣམས་ཀྱིས་ཡིད་སྨོན་བྱེད་དགོས་པ་ཞིག་རེད་ཅེས་བཤད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1