ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-25


ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་རིང་རྩིས་བཤེར་གྱི་དམིཌ་བསལ་ནུས་པ་བཏོན་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།

ལི་ཆང་དང་ལི་ཞི་ཚོགས་འདུར་ཞུགས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ནན་བཤད་གནང་དོན། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པའི་ཐོག་རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད་པས། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་ཏེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་རིང་རྩིས་བཤེར་གྱི་དམིགས་བསལ་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤྱི་ཡོངས་ཀྱི་རང་བཞིན་དང་། ཕུགས་ཀྱི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམིགས་ནས་རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དང་འགན་ལེན་བྱེད་དགོས།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཞི་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུའི་ཐོག་2022ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་སྐོར་གྱི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་རྩིས་བཤེར་སྙན་ཞུའི་སྙན་སེང་དང་དེ་བཞིན་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར་གྱི་སྙན་སེང་སོགས་གསན་པ་རེད།

        ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་སྲོལ་ལ་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་ལམ་བུ་གསར་པ་ཞིག་བཏོད་པས་རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གཅིག་ནས་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་གནང་རྒྱུ་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་། ཏན་ཏིག ལམ་ལུགས་ཅན་བཅས་སུ་གྱུར་བ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། གསུམ་ནས་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དེ་བས་ཆེ་རུ་ཕྱིན་པ་དང་། མཐུན་འཕྲོད་རང་བཞིན་དེ་བས་ཆེ་རུ་ཕྱིན་པ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་དེ་བས་མངོན་ཡོད། བཞི་ནས་རྩིས་བཤེར་དག་ཐེར་གྱི་སྤྱིའི་བཀོད་པ་རགས་ཙམ་ཆགས་པ་དང་རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་དང་ཁོང་དུ་ཆུད་པ། མཉམ་ལས་བཅས་སྔར་བས་བདེ་བླག་དང་། དབང་གྲགས་ལྡན་པ། ལས་ཕྱོད་ཆེ་བ་བཅས་བྱུང་ཡོད།

        ཚོགས་འདུའི་ཐོག་གསུངས་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་པ་དང་ལས་ཕྱོད་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་པའི་ཐད་ཤུགས་རྒྱག་རྒྱུ་དེ་རེད། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྟངས་འཛིན་འཕྱུགས་མེད་དང་། གོ་བ་གཏིང་ཟབ་ལེན་པ། དོན་ཐོག་ཡག་པོ་འཁྱོལ་བ་བཅས་བྱེད་དགོས། གཟུགས་དང་གྲིབ་མ་བཞིན་སྤྱི་པའི་མ་དངུལ་དང་། གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་ཐོན་ཁུངས་བཅས་ལ་དོ་དམ་དང་བེད་སྤྱོད་བྱེད་པའི་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་བྱེད་དབང་ཆད་ལུས་མེད་པ་དང་དམིགས་བསལ་གཅིག་ཀྱང་མེད་པར་རྒྱུན་རྣམ་ཅན་དང་སྟབས་བསྟུན་ཅན་གྱི་ཟིལ་གནོན་ཞིག་ཆགས་པར་བྱེད་དགོས། རྣ་བར་འབྲུག་སྒྲ་ལྡིར་བ་ལྟར་ཁྲིམས་བཞིན་རྩིས་བཤེར་མཐའ་འཁྱོངས་དང་། ཞིབ་འཇུག་རྣམ་པའི་རྩིས་བཤེར་ཏན་ཏིག འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་ལ་ལྟ་སྐུལ་བྱེད་པའི“དམིགས་བསལ་དཔུང་སྡེ”འཛུགས་སྐྱོང་། ལྟ་སྐུལ་གཞན་དག་དང་འབྲེལ་མཐུད་མཉམ་ལས་ཡག་པོ་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འདི་ལོའི་རྩིས་བཤེར་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་གནད་དོན་འགངས་ཆེན་ལ་རྩིས་བཤེར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས་རྣམ་གྲངས་འགངས་ཆེན་དང་། འཐབ་ཇུས་འགངས་ཆེན། བྱེད་ཐབས་འགངས་ཆེན་བཅས་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། འབབ་འཕར་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོར་དམིགས་ཏེ་རྩ་ཆེའི་ནོར་སྲིད་ཀྱི་མ་དངུལ་ལ་མུ་མཐུད་དམིགས་ནས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་སྦབ་ཆ་གཅིག་གི་དོན་འཁྱོལ་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དམངས་འཚོའི་མཐའ་ཚད་ཐ་སྐྱོང་བརྟན་པོར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ། དམངས་ཕན་དམངས་ཕྱུག་སྲིད་ཇུས་ཀྱི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་འདོམས་ལ་དམིགས་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་དང་། དངུལ་རྩ། ས་ཁང་བདག་ཁོངས། འབྲུ་རིགས། ནུས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་དམ་པོར་སྲུང་དགོས། དབང་ཆ་ཚད་ལྡན་སྤྱོད་པར་དམིགས་ཏེ་རུལ་སུངས་ལ་ངོ་རྒོལ་དང་ཟང་ཟིང་བཅོས་སྐྱོང་ཐད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། དབང་ཆ་གཅིག་སྡུད་དང་། མ་དངུལ་འདུས་ཆེ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། མང་ཚོགས་ཀྱི་གམ་དུ་གནས་པའི་“སྦྲང་རྔམ་གྲོག་རུལ”ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས།

        ཚོགས་འདུར་ནན་བཤད་གནང་དོན། རྩིས་བཤེར་དག་ཐེར་གྱི“ལས་ཀའི་སྨད་ཆ”དང་རྩིས་བཤེར་གྱིས་གནད་དོན་འདོན་པའི“ལས་ཀའི་སྟོད་ཆ”གལ་ཆེ་མཉམ་ཡིན་པས་ངེས་པར་དུ་གཅིག་གྱུར་སྐུལ་འདེད་གཏོང་དགོས། རྩིས་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བ་རྒྱུན་གཏན་ལྟ་སྐུལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་་བརྩིས་ནས་རྩིས་བཤེར་བྱས་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་དང་། བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་ཀྱི་དཔྱད་གཞི་གལ་ཆེན་ལ་འཛིན་དགོས། དག་ཐེར་ཡོ་བསྲང་བྱེད་ཤུགས་མི་འདང་བ་དང་། ཁྲལ་སེལ་སླ་བཅོས་ཀྱིས་དག་ཐེར། དག་ཐེར་རྫུན་མ་བཅས་བྱས་ཚེ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1