༄༅།།མ་ཡུམ་དུས་ཆེན་ལ་ཕུལ་བའི་དུང་སེམས་པདྨ་དཀར་པོའི་རང་མདངས།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26


 སྲིད་འདིར་བྱམས་པའི་རང་གཟུགས་ཡུམ་ཆེན་མོ། །

སྐྱེ་དགུའི་སྙིང་རྗེ་སྟོང་གི་མ་མ་ཡིས། །

ཡུན་རིང་དྲིན་གྱིས་སྐྱོང་བའི་མ་ཡུམ་གྱིས། །

བྱས་པར་གཟོ་བའི་དྲིན་ལན་ཇི་ལྟར་འཇལ། །


ཆུང་ཆུང་ཆོར་པ་གང་གི་ཚད་ཙམ་ཉིད། །

ཁྱེད་ཀྱིས་ནུ་ཞོ་གཅིག་པུའི་སྐྱེད་བསྲིང་གྱིས། །

ཉིན་མོར་ཟས་འཕྲི་མཚན་མོར་གཉིད་གཅག་ནས། །

ཉིན་མཚན་ཁོར་མོར་དཀའ་སྡུག་ཐོད་དུ་བཏེགས། །


ལག་མགོ་འཁྱག་པས་ལུས་ལ་རེག་མ་བྲ། །

མཆིལ་མ་མངར་མོ་མིད་པར་མ་བྲ་བའི། །

བུ་ངའི་དོན་དུ་ལྟོ་སྐྱ་གོས་ཧྲུལ་གྱིས། །

མི་ཚེའི་ལྷག་མར་བརླགས་པར་མ་གྱུར་ཏམ། །


ཡུམ་ཆེན་ཁྱོད་ཀྱིས་འཚོ་བའི་གོམ་ཁ་ནས། །

བུ་རུལ་ང་ཡི་དོན་དུ་དཀའ་སྡུག་གིས། །

ལག་མགོ་སེར་ཁ་རྐང་རྗེན་ཚེར་མའི་ཟུག །

ས་སྟེང་དམྱལ་བར་འགྲིམ་པ་མ་ཚོར་རམ། །


སྙིང་རྗེ་ཆེན་པོའི་སེམས་པ་རྒྱུན་བསྐྱེད་པའི། །

ས་སྟེང་སངས་རྒྱས་གཉིས་པ་མ་ཡུམ་ལགས། །

ཁྱེད་ཉིད་ད་ལྟའི་ལུས་ལ་བདེ་སྡུག་གིས། །

ཚོར་བར་སྟངས་འཛིན་ཇི་ལྟར་མཛད་བཞིན་ལགས། །


ཐོག་མར་ཟས་དང་སྐོམ་གྱིས་སྐྱེད་པར་བྱས། །

བར་དུ་སྨྲ་བརྗོད་སྐད་ཀྱིས་བསླབ་པ་བསྩལ། །

ཐ་མ་བླང་དོར་འབྱེད་པའི་ཤེས་རབ་ཀྱིས། །

སྨྲ་ཤེས་དོན་གོ་མི་ལུས་རིན་ཆེན་སྦྱིན །


བྱམས་པའི་ཐུགས་རྒྱུད་བརླན་པའི་རྗེ་བཙུན་མ། །

འགྲོ་བའི་སྡུག་བསྔལ་སྒྲོལ་བའི་འཕགས་མ་ཁྱེད།  །

བྱིས་པའི་གདོན་ཆེན་བཅོ་ལྔ་བཟློགས་མཛད་མ། །

ཁྱེད་ནི་ངེས་པར་དོན་གྱི་ཏཱ་རེ་མ། །


བཞིན་བཟང་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལས། །

ཐུགས་རྗེའི་སྤྱན་རས་ཟུམ་པར་མི་འགྱུར་བའི། །

བུ་གཅིག་པོ་ལ་བརྩེ་བའི་རྒྱལ་ཡུམ་མ། །

དབྱངས་ཅན་དགྱེས་པའི་ལྷ་མོ་ཁྱེད་ཉིད་ལགས། །


མཁའ་འགྲོ་སྟོང་གི་དགོངས་ཉམས་རིག་པའི་རྩལ། །

གསང་ཆེན་ཌཱཀྐིའི་སྙན་རྒྱུད་མངའ་བདག་རྗེ།།

གཟུང་འཛིན་འཁྲུལ་པ་དམིགས་མེད་དབྱིངས་སུ་དེངས། །

ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ཁྱེད་ཉིད་ལགས། །


རྟོག་མེད་ཡིད་མཁར་ཡུམ་ཆེན་ཟླ་གཞོན་གཟུགས། །

བརྩེ་བས་བསྐྲུན་པའི་རྫིང་བུར་འཕོས་པའི་མོད། །

དྲན་པའི་འདབ་བརྒྱ་གྲོལ་བའི་སྐྱེད་ཚལ་དུ། །

གཅིག་པུ་ལུས་པའི་སེམས་ཀྱི་བུ་ཆུང་སྐྱོ།།


དེ་སྐད་རང་བྱུང་རིག་པའི་ཁྱེའུ་འདི།།

ཡུན་རིང་ཨ་མས་སྟོར་བའི་སྐྱོ་ཤས་ཀྱིས།།

ངལ་གསོ་བསྟི་གནས་ཨ་མའི་པང་ཞུགས་ནས། །

སྒྲིབ་བྲལ་དབྱིངས་ཕྱུག་མ་འདིས་རྟག་ཏུ་སྐྱོངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1