“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-26


འདི་ནི“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཐོག་རང་ལྗོངས་ཀྱི་ཡིག་གཟུགས་མཁས་ཅན་གྱིས་སྐུ་མགྲོན་ལ་བོད་ཡིག་ཡིག་གཟུགས་ངོ་སྤྲོད་བྱེད་བཞིན་པ།

        ཟླ་5ཚེས་23ཉིན་གྱི་དགོང་མོ། “2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་བདེ་བླག་ངང་གྲོལ་བ་རེད། གླེང་སྟེགས་འཚོག་རིང་། རྒྱལ་ཁབ་དང་ས་ཁུལ་36ནས་ཕེབས་པའི་སྐུ་མགྲོན་150ལྷག་ཙམ་གྱིས“དུས་རབས་གསར་པ་དང་། བོད་ལྗོངས་གསར་པ། རྒྱང་ལམ་གསར་པ་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ལེའུ་གསར་པ”ཡི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་བསམ་བློ་སྤེལ་རེས་དང་ལྟ་ཚུལ་གླེང་རེས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་པ་རེད།

        ཚོགས་རར་སྐྱོད་སྐབས་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་ཨ་ཧྥེ་རི་ཁ་སློབ་གླིང་གི་ཕ་ཡུལ་སོ་མ་ལི་ནས་ཡིན་པའི་དགེ་རྒན་དབྱི་སི་མན་བོད་ཀྱི་ཞབས་བྲོས་ཡིད་དབང་འཕྲོག་ཅིང་། “ཀྲུང་གོའི་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་མི་འདྲ་བ་མཐོང་ཐེངས་རེར་ཀྲུང་གོ་ནི་ཡངས་ཤིང་རྒྱ་ཆེ་ལ་བསྟུན་མཁས་རང་བཞིན་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཅིག་དངོས་འབྲེལ་ཡིན་པའི་ཚོར་སྣང་འདུག་ལ།རིག་གནས་ཀྱི་སྣ་མང་རང་བཞིན་ཧ་ཅང་མངོན་གསལ་དོད་པོ་འདུག”ཅེས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་ལས་ཁོང་གིས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད།

        ཚོགས་རའི་ནང་ཀྲུང་ཕྱིའི་སྐུ་མགྲོན་གྱིས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་བོད་དུ་ལག་བསྟར”དང་། “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག” “བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་འཕེལ་རྒྱས” “མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་གཞོན་ནུའི་སྟོབས་ཤུགས” “གྲངས་འཛིན་དུས་རབས་ཀྱི་བོད་ཀྱི་གཏམ་རྒྱུད་རྒྱལ་སྤྱིར་བརྒྱུད་བསྒྲགས”བཅས་ཡན་ལག་གྲོས་གཞི་ཁག་5ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།

        བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ལ་ཐོབ་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་བའི་པར་ཙིར་ནས་ཡིན་པའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཏི་ཨའེ་ཀེས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད”ཅེས་བརྗོད།

        ཨ་རི་ནས་ཡིན་པའི་ཀྲུང་གོ་ཉིན་རེའི་ཚགས་པར་ལས་ཁུངས་རིག་སློབ་པུའི་མཐོ་རིམ་གསར་འགོད་པ་ཉི་ཙི་རུའེ་ཡིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་ཤིང་། ཁོང་གིས“ད་ཐེངས་ཀྱི་གྲུབ་འབྲས་ཆེ་ཤོས་ནི་བོད་ཀྱི་མང་ཚོགས་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ལྷག་དོན་དུ་དབུལ་སྐྱོར་ཐད་འབད་བརྩོན་ལྷོད་མེད་བྱས་པ་རང་ཉིད་ཀྱིས་དཔང་པོ་བྱེད་ཐུབ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཕྲད་པའི་གནད་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ནས་དབུལ་པོ་དབུལ་ནག་བསལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད། ངས་དེ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་ཀྱང་བོད་དེ་བས་ལེགས་པ་དང་མྱུར་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཐུབ་པ་དང་། ཕྱི་ཕྱོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་གོ་སྐབས་བཟང་པོ་སྦྱིན་ཡོད།

        ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་འདི་ལོ་གཉེར་ཐེངས་བདུན་པ་ཡིན་ཞིང་། དེ་བོད་འདི་ཉིད་འཛམ་གླིང་དང་འབྲེལ་མཐུད་དང་འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་། ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་འདུས་པ་དང་བོད་ཀྱི་འབྱུང་འགྱུར་མཉམ་དུ་གླེང་བའི་སྟེགས་བུ་གལ་ཆེན་ཞིག བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣའི་དབར་སྤེལ་རེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྱང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་འཕེལ་རྒྱས་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1