སྙི་བ་འདེབས་འཛུགས་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་གཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-26



        ཞོགས་པའི་ཉི་གཞོན་གྱི་འོད་སྣང་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བའི་ས་གཞི་ཡོངས་ལ་ཁྱབ་དུས། རྔ་བ་རྫོང་སྒོ་མང་གྲོང་རྡལ་ཧུ་ར་མ་སྡེ་བའི་ཡུན་ཐོན་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྟེན་གནས་ཀྱི་གྲལ་སྟར་སྒྲིག་པའི་སྤྱིལ་ཁང་ནང་དུ་འདུ་འཛིའི་ཁེངས། སྡེ་མི་བསོད་ནམས་དབང་གོས་རྩྭ་ལྡུམ་འབྲེག་པ་དང་ཆུ་གཏོར་བ་སོགས་ངལ་རྩོལ་གྱི་ལས་ལ་བྲེལ་བཞིན་ཡོད། སྤྱིལ་ཁང་ནང་དུ་ལྗང་ནེམ་ནེམ་གྱི་སྙི་བ་ཉམས་དགའ་བ་ཞིག་སྐྱེས་འདུག

        བསོད་ནམས་དབང་གོ་ནི་སྒོ་མང་གྲོང་རྡལ་ཧུ་ར་མ་སྡེ་བའི་ཡིན། ཉིན་རྒྱུན་འཕྲུལ་རྟར་བཞོན་ནས་སོང་ན་སྐར་མ་བཅུ་ཙམ་གྱིས་ཡུལ་ཐོན་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཁང་གི་རྟེན་གཞི་རུ་ཐོན་ཐུབ། ཁོས་གདོང་ལ་འཛུམ་གྱིས་ཁེངས་ནས་གསར་འགོད་པར་བཤད་རྒྱུར་སྔོན་ཆད་ལས་ཀ་ལས་ས་ཁྱིམ་དང་ཐག་རིང་། ཉིན་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་དགོས་པས།  ཁྱིམ་གྱི་ལོ་ལོན་དང་བྱིས་པ་གཉོར་སྐྱོང་བྱེད་མི་ཐུབ། དེང་སང་སྒོ་སྔུན་ནས་ལས་ཞུགས་བྱེད་ཐུབ་པར་མ་ཟད་ཟླ་རེར་སྒོར་4000ལྷག་གི་ཡོང་སྒོ་ཡོད་ཅེས་བཤད།

        རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཐོན་ཀྲུང་ལུགས་སྨན་རྩྭ་འདེབས་སའི་རྟེན་གཞི་ནི་རྔ་བ་རྫོང་གི་ཧྲིན་ཧི་ཞིང་ཆེན་ཆེད་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་2020ལོར་ས་ཞིང་གླས་ནས་འཛུགས་སྐྲུན་བྱས་པ་ཡིན། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་2.3བཏང་སྟེ།   ས་ཁྱོན་མུའུ་སྟོང་ཅན་གྱི་མིས་བཟོས་རི་སྐྱེས་སྙི་བ་འདྲ་བཟོ་འདེབས་འཛུགས་རྟེན་གནས་བཙུགས་པ་དང་། ཚད་ལྡན་གྱི་སྤྱིལ་ཁང་330འཛུགས་སྐྲུན་བྱས། རྟེན་གཞི་འདིས་ཉེ་འཁོར་གྱི་མང་ཚོགས་ལ་ལས་གནས་མང་པོ་སྤྲད་ཡོད་པ་དང་སྒོ་སྔུན་ནས་ལས་ཞུགས་མངོན་འགྱུར་བྱས་ཡོད།

        སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཕའེ་ཡེས་ཀྲུང་གིས། ང་ཚོས་ལོ་རེར་གནས་སྐབས་ལས་ཀ་བ་མི་ཐེངས་10000ལྷག་བསྡུ་བཞིན་ཡོད། སྔོན་ལ་ཧུ་མ་ར་སྡེ་བའི་དབུལ་བྲལ་ཁྱིམ་ཚང་གི་མི་བསྡུས་པ་ཡིན། གནས་འདིའི་མང་ཚོགས་ཀྱིས་ང་ཚོ་ལ་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས། སྤྱི་གཉེར་ཁང་གིས་ལོ་རེར་ལས་གླ་དང་ས་ཞིང་འཁོར་རྒྱུག་གླ་རིན་སྟེར་བ། མཉམ་ལས་ཁང་གི་སྙི་བའི་ས་བོན་ཉོ་བ། མཐའ་འཁོར་མང་ཚོགས་ཀྱི་ཟོག་ལུག་གི་རིལ་མ་དང་ལྕི་བ་སོགས་ཉོས་ཏེ། ས་གནས་མང་ཚོགས་ཀྱི་མཉམ་སྒྲུབ་དཔལ་འབྱོར་དང་ལོ་རེར་ཡོང་སྒོ་ཁྲི་296འཕར་སྣོན་བཏང་ཡོད།

        ཉེ་བའི་ལོ་འགའི་རིང་། རྔ་བ་རྫོང་གིས་ས་གནས་ཀྱི་ཐུན་མིན་གྱི་གནམ་གཤིས་ཆ་རྐྱེན་དང་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ལ་བརྟེན་ནས།  སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྡེ་བའི་མཉམ་སྒྲུབ་དཔལ་འབྱོར་སྟོབས་ལྡན་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་བཀོད་ལེགས་བསྒྱུར་ལ་འབད་བརྩོན་ལྷོད་མེད་བྱས།  སྔར་ལས་བརྟན་འཇགས་ཀྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་ཁེ་ལས་ནང་འདྲེན་དང་ས་ཞིང་འཁོར་རྒྱུག ལས་ཞུགས་ཐག་གཅོད་སོགས་ཀྱི་རྣམ་པ་བརྒྱུད་དེ། སྙི་བ་དང་རི་སྐྱེས་སྤྲུ་ནག གུར་གུམ་མེ་ཏོག་སོགས་ཀྱི་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་རྒྱ་ཆེར་སྤེལ་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱུག་འགྱུར་གྱི་མྱུར་ལམ་གཏོད་ཡོད།

        སྙི་བ་ནི་སི་ཁྲོན་དང་མཚོ་སྔོན། ཀན་སུའུ། ཡུན་ནན། བོད་ལྗོངས་སོགས་ནས་ཐོན། ཚ་བ་སེལ་གློ་ཡུའི་ཚད་པ་སེལ། ཆམ་ནད་སོགས་ལ་ཕན་པའི་སྨན་རྩྭ་ཞིག་ཡིན། ད་ལོར་རྟེན་གཞི་འདིས་ཟླ་བརྒྱད་པར་སྙི་བ་བརྐོ་རྒྱུ་ཡིན་པ་དང་སྤྱིལ་ཁང་200ནང་གི་སྙི་བ་བརྐོ་དགོས།  སྙི་བ་ཏུན་30ཡས་མས་ཐོན་པའི་སྔོན་རྩིས་བྱས་ཡོད་པར་རིན་ཐང་སྒོར་ཁྲི་6000ལྷག་ཡིན། ཕྱིར་འཚོང་སྐོར་གླེང་དུས་ཕའེ་ཡེས་ཀྲུང་གདེང་ཚོད་ཀྱིས་ཁེངས་འདུག མིག་སྔར་ཚོང་རར་སྙི་བའི་དགོས་མཁོ་ཇེ་མང་མ་གཏོགས་ཇེ་ཉུང་དུ་འགྲོ་མི་སྲིད་པས།  སྤྱི་གཉེར་ཁང་གི་ཐོན་རྫས་ཀྱི་སྤུས་ཀ་ལ་འགན་སྲུང་ཡོད་ཕྱིར་འཕྱིར་ཚོང་ལ་སེམས་ཁུར་མེད། ན་ནིང་རྟེན་གཞི་ཡིས་ཟླ་བརྒྱད་པ་ནས་སྙི་བ་བརྐོས་པ་ཡིན། ཟླ་བཅུ་བར་སླེབས་དུས་སྙི་བ་ཏུན་གཉིས་བཙོང་ཚར་འདུག གཙོ་བོ་སི་ཁྲོན་དང་ཀང་ཏུང་། ཨན་ཧུའེ། ཧྲན་ཞི་སོགས་ལ་འཚོང་བཞིན་ཡོད།

        ཕའེ་ཡེས་ཀྲུང་གིས་གསར་འགོད་པར་བཤད་རྒྱུར། རྔ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ལ་གཙིགས་ཆེན་བྱས་ཡོད། འབྲེལ་ཡོད་ཡུལ་གྲོང་དང་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས་ཆོག་མཆན་ལེན་པའི་འགྲོ་ལུགས་ལེགས་བསྒྱུར་བཏང་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་མ་ཟད། ཀྲུང་ལུགས་སྨན་རྩྭའི་ཆེད་མཁས་པ་གདན་དྲངས་ནས་ལག་རྩལ་ལ་མཛུབ་འཁྲིད་གནང་། ལོ་བཞི་ཡི་འབད་བརྩོན་བརྒྱུད་ནས་སྤྱི་གཉེར་ཁང་གིས་དཀའ་ངལ་ཆེས་ཆེ་བའི་དུས་དེའི་འགག་སྒོ་ལས་ཐར་བས། ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་བོ་ཡོད། ཁོས་མ་འོངས་པར་སྤྱི་གཉེར་ཁང་དང་ཏང་ཀྲི་པུའུ། མཉམ་ལས་ཁང་། ཞིང་བ་བཅས་མཉམ་གཅིག་ཏུ་འཕེལ་རྒྱས་གཏོང་བའི་རྣམ་པ་ལག་ལེན་དང་རྟེན་གཞི་ཡིས་ས་བོན་དང་ལག་རྩལ་འདོན་པ། ཐོན་རྫས་ཕྱིར་བསྡུ་ཡི་ཐབས་ལམ་བརྒྱུད་དེ་སྡེ་མི་སྔར་ལས་མང་བ་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་སུ་འཇུག་པ་དང་ཕན་ཁེ་མཉམ་རོལ་བྱ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1