མཛོད་དགེ་རྫོང་གིས2023ལོའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱུགས་སྨན་ལག་རྩལ་འབྲེལ་འདྲིས་གསོ་སྦྱོང་ཚོགས་འདུ་འཚོགས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26



        རྫོང་ཡོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་སྒྲུབ་སྒོས།  རང་རེའི་རྫོང་གི་མངའ་ཁོངས་སུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་རིགས་འབྱུང་བར་ནན་འགོག་བྱས་ཏེ།  རྫོང་ཡོངས་ཀྱི་ཕྱུགས་ལས་གསོ་སྤེལ་རྒྱུན་མཐུད་ཀྱིས་བདེ་བླག་ངང་འཕེལ་བར་འགན་ལེན་ཆེད།  ཟླ5པའི་ཚེས20ནས21ཉིན་གྱི་བར།  རང་རེའི་རྫོང་གིས2023ལོའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱུགས་སྨན་ལག་རྩལ་འབྲེལ་འདྲིས་གསོ་སྦྱོང་ཚོགས་འདུ་འཚོགས།  ཚོགས་འདུར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་སྲོལ་རྒྱུན་ཕྱུགས་སྨན་རྒྱུད་འཛིན་པ་གདན་དྲངས་ཏེ།  སྲོལ་རྒྱུན་ཕྱུགས་སྨན་ལག་རྩལ་འབྲེལ་འདྲིས་གསོ་སྦྱོང་གནང་།

        རྫོང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཁག་གི་ལས་བཟོ་བ་ཡོངས་དང་། ཡུལ་གྲོང་སོ་སོའི་ཕྱུགས་ལས་སྨན་བཅོས་ཞབས་ཞུ་ལྟེ་གནས་ཀྱི་མི་སྣ་གསོ་སྦྱོང་དུ་ཞུགས།

        ཚོགས་འདུར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་སྲོལ་རྒྱུན་ཕྱུགས་སྨན་རྒྱུད་འཛིན་པ་མགོན་རྡོར་དང་བཅས་པས།  དཔྱིད་ཀའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་གསོ་སྦྱོང་གནང་སྟེ།  ཡུལ་དངོས་ནས་སྲོག་ཆགས་ཀྱི་ཕྱི་ནད་གཤགས་བཅོས་ལག་རྩལ་དངོས་དུ་སྦྱོང་བརྡར་གནང་།

        མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་སྲོལ་རྒྱུན་ཕྱུགས་སྨན་རྒྱུད་འཛིན་པ་མགོན་རྡོར་གྱིས་བཤད་རྒྱུར།  ཐེངས་འདིའི་འབྲེལ་འདྲིས་གསོ་སྦྱོང་ཚོགས་འདུར་མཛོད་དགེ་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱི་གདན་འདྲེན་འོག  ང་ཚོ་བོད་ཀྱི་ཕྱུགས་སྨན་སྐོར་གྱི་བདེ་ཐང་ལམ་སྟོན་རྣམ་གྲངས་ནི་འབྲོག་ཁུལ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤིན་ཏུ་ཕན་པར་ངོས་བཟུང་སྟེ།   མང་ཚོགས་འབྱོར་ལྡན་ཅན་དུ་འགྱུར་དགོས་ན་ཐོག་མར་ཕྱུགས་ཟོག་བདེ་ཐང་ཡོང་དགོས་ལ།  ཕྱུགས་ཟོག་བདེ་ཐང་བྱུང་ན་ད་གཟོད་མང་ཚོགས་འབྱོར་ལྡན་ལམ་དུ་སྐྱོད་ཐུབ།  ང་ཚོས་བདེ་ཐང་ལམ་སྟོན་རྣམ་གྲངས་ནི་རིན་མི་དགོས་པར་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་བར་ནུས་རྩལ་བེད་སྤྱོད་གསོ་སྦྱོང་འདོན་སྤྲོད་ཀྱིས་ཉམས་མྱོང་བརྗེ་རེས་བྱེད་པའི་རྣམ་གྲངས་ཞིག་ཡིན། ཐེངས་འདིའི་ནུས་རྩལ་གསོ་སྦྱོང་གིས་མཛོད་དགེ་རྫོང་གི་ཕྱུགས་ལས་སྨན་བཅོས་ལས་ཀ་བར།  ནུས་རྩལ་བེད་སྤྱོད་ཐད་ནས་ཉམས་མྱོང་བཟང་བོ་དང་རོགས་རམ་སྔར་ལས་མང་བོ་འདོན་སྤྲོད་བྱེད་ཐུབ་པའི་རེ་བ་ཆེ་ཟེར།

        ཚོགས་འདུར་ད་དུང་ཡུལ་གྲོང་སོ་སོའི་ཕྱུགས་ལས་སྨན་བཅོས་ཞབས་ཞུ་ལྟེ་གནས་ཀྱི་ཉེ་ཆའི་ལས་ཀར་བཀོད་སྒྲིག་གནང་།  ཚོགས་འདུར་བླང་བྱ་བཏོན་དོན།  འགན་འཁྲིའི་འདུ་ཤེས་དང་ཛ་དྲག་འདུ་ཤེས་ཇེ་ནན་དུ་བཏང་སྟེ།  ས་གནས་སོ་སོའི་ཕྱུགས་སྨན་ལག་རྩལ་བས་ཐེངས་འདིའི་གསོ་སྦྱོང་གོ་སྐབས་དམ་འཛིན་སྒོས།  ཡོངས་ཁྱབ་ནས་རང་ངོས་ཀྱི་སྣ་འཛོམས་བྱང་ཚད་དང་ལས་སྒྲུབ་ནུས་པ་ཇེ་ཆེར་བཏང་སྟེ།  སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་གསར་བའི་ཉེར་སྤྱོད་སྔར་ལས་ཁྱབ་གདལ་བཏང་།

        ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ནང་དོན་ཕུན་སུམ་ཚོགས་ཤིང་།    ཉེར་སྤྱོད་རང་བཞིན་དང་ཁ་གཏད་རང་བཞིན་གཅིག་ཏུ་འདུས་ཤིང་དོན་དངོས་དང་འཚམས་པས།  རྫོང་ཡོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དཔུང་སྡེའི་ཆེད་ལས་ནུས་པ་ཇེ་ཆེར་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1