༄༅།།ཤིང་ཏ་ལའི་ལོ་མའི་དཔེ་ཆ།

ཚེ་དབང་འགྱུར་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 05-30


ཤིང་ཏ་ལའི་ལོ་མའི་དཔེ་ཆ།

 

ཏ་ལའི་ལོ་མའི་དཔེ་ཆ་ནི་གནའ་བོའི་རྒྱ་གར་ནས་བྱུང་བ་ཡིན།ཤོག་བཟོའི་ལག་རྩལ་རྒྱ་གར་དུ་མ་དར་གོང་རྒྱ་གར་བས་ཏ་ལའི་ལོ་མའི་ཐོག་ཡི་གེ་འབྲི་ཡི་ཡོད།ནང་པ་སངས་རྒྱས་པས་ཀྱང་ཏ་ལའི་ལོ་མའི་ཐོག་ནང་པའི་གསུང་རབ་དང་སྐུ་འདྲ་འབྲི་བར་བརྟེན་ཏ་ལའི་ལོ་མའི་དཔེ་ཆ་ཞེས་པའི་མིང་ཡང་དེ་ལྟར་ཐོགས།ཏ་ལའི་ལོ་མ་རྡར་ཟད་མི་སླ་བ་དང་ཡང་མོ་ཡིན་པས་ལོ་ངོ་སྟོང་ཕྲག་སོང་ཡང་ཡིག་གཟུགས་གསལ་ལ་ངོས་འཛིན་བདེ།ཏ་ལའི་ལོ་མའི་དཔེ་ཆའི་ཚད་ལྡན་ཡིག་ཆ་ནི་མིག་སྔར་འཛམ་གླིང་ཐོག་གནའ་བོའི་ཚད་ལྡན་ཡིག་ཆའི་ཁྲོད་རྩ་ཆེ་ཤོས་ཀྱི་གདོད་མའི་དཔྱད་གཞིའི་གྲས་ཡིན་ལ་མི་རིགས་ཀྱི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆའི་གྲས་ཀྱང་ཡིན། བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་ཚད་ལྡན་ཡིག་ཆ་ནི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ་གནའ་བོའི་རྒྱ་གར་གྱི་རིག་གནས་དང་རང་རྒྱལ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤེལ་རེས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོའང་ཡིན།ད་ཕན་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་གནང་བས་བོད་རང་སྐྱོང་ལྗོངས་ཀྱིས་བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མར་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་དོན་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ཕྱི་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་གི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད།ལྷག་དོན་དུས་རབས21པ་ཤར་ཚུན་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆའི་སྲུང་སྐྱོབ་ལས་དོན་ལ་ཀྲུང་དབྱང་འགོ་ཁྲིད་ཀྱིས་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་།སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་མཛུབ་སྟོན་གནང་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆར་ཞིབ་འཇུག་གི་ལས་དོན་སྤེལ་རྒྱུའི་སྒྲིག་འཛུགས་ཞིབ་ཕྲ་བྱས་ཡོད།2006ལོའི་ཟླ་བདུན་པར་ལྷ་སར་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་།ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས།བོད་རང་སྐྱོང་ལྗོངས་གསུམ་པོས་ལྷན་དུ་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་རྒྱུ་ལག་ལེན་བསྟར་བའི་ཐུན་མོང་གི་ལྟ་བ་དང་འཆར་འགོད་གྲུབ་ཡོད།བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་དེ་དུས་དེ་ནས་བཟུང་སྤེལ་འགོ་ཚུགས།

བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆར་སྲུང་སྐྱོབ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཏ་ལའི་ལོ་མ་རུ་ལཉྫ་བྲིས་ཡོད་པའི་དཔེ་ཆར་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་གཞིའི་མཐུན་སྦྱོར་ཚོགས་ཆུང་གིས་བཀོད་སྒྲིག་བྱས་པའི་སྲུང་སྐྱོབ་ལ་ཤུགས་རྒྱག་པ་དང་དཀར་ཆག་སྒྲིག་པའི་དུས་མཚམས་རང་བཞིན་གྱི་ལས་དོན་གཉིས་ལ་འགན་འཁུར་བ་དེ་ནི་བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མའི་ཐོན་ཁུངས་ལ་ཁྱོན་ནས་ཞིབ་བཤེར་བགྱིས་ཏེ་ཐོ་རུ་འགོད་པ་དང་།དཀར་ཆག་སྒྲིག་པ།པར་ལེན་པ།ཞིབ་ཕྲའི་སྲུང་སྐྱོབ་བྱེད་ཐབས་ལག་ལེན་བསྟར་བ་བཅས་ཀྱི་རྨང་གཞིའི་ལས་དོན་ཞིག་ཡིན། ལོ་ངོ་སྟོང་ཕྲག་རིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་པར་གཞུང་དོན་ཁང་གི་དཀར་ཆག་པར་ལེན་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ས་ཁུལ་༼གྲོང་ཁྱེར༽བདུན་གྱི་ཏ་ལའི་ལོ་མའི་དཔེ་ཆའི་གཞུང་དོན་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་འབད་བརྩོན་བྱས་ནས་ད་ཡོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མའི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་ཐོ་འགོད་ལས་དོན་སྤེལ་ཡོད།དེའི་རྨང་གཞིའི་ཐོག་བོད་རྒྱ་དབྱིན་སོགས་ཚད་ལྡན་ཡིག་ཆའི་ཁྲོད་འཁོད་པའི་འབྲེལ་ཡོད་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆའི་ངག་རྒྱུན་དུ་ཡོད་པ་དང་ལཉྫ་ནས་བོད་ཡིག་ཏུ་བསྒྱུར་བའི་དཔེ་ཆ་དང་དེ་བཞིན་ལཉྫའི་ལོ་ཙྰ་བའི་རྗེས་ཤུལ་གཞིར་བཟུང་སྟེ་ལྗོངས་ཡོངས་སུ་གཞི་ཁྱོན་ཆེ་བའི་བསྐྱར་བཤེར་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་ཡོད།ལོ་གཉིས་རིང་དཀར་ཆག་པར་ལེན་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ས་ཁུལ༼གྲོང་ཁྱེར༽7གྱི་རྫོང་41གི་སྡེ་ཚན་དང་དགོན་སྡེ65དང་།གནའ་ཤུལ3དཔེ་ཆ་དང་རིག་དངོས་ཉར་ཚགས་བྱས་པའི་དུད་ཁྱིམ་གཙོ་བོ5བཅས་དང་དེ་བཞིན་གྲྭ་ཤག་ཁག་གཅིག་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་དང་བསྐྱར་བཤེར་རྩིས་ལེན་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ཡོད།ལས་དོན་སྤེལ་རིང་ལམ་ཐག་སྤྱི་ལེ17000ལྷག་ཙམ་བསྐྱོད་པ་དང་མི600ལྷག་ཙམ་དེའི་ནང་ཞུགས་ཡོད།

དཀར་ཆག་པར་ལེན་ཚོགས་ཆུང་གིས་རྒྱལ་ཁབ་རིག་དངོས་དོ་དམ་བྱེད་ཐབས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་འབྲེལ་ཡོད་ལས་དོན་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ནས་ད་ཡོད་རྒྱུན་འཁྱོངས་དང་།སྒོ་རྩར་སོང་ནས་ཞིབ་བཤེར་རྩིས་ལེན།རང་སར་པར་ལེན་བཅས་ཀྱི་རྩ་དོན་ལྟར་གཅེས་ཉར་ཚན་པ་ཁག་གིས་ཆེད་མི་སྒྲིག་འཛུགས་བྱས་ནས་ལེགས་སྒྲིག་བྱ་རྒྱུའི་ནང་ཞུགས་པ་དང་ལས་ཀར་གཞོགས་འདེགས་བྱས་ནས་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཕོག་པ་དང་བོར་བརླག་འགྲོ་བ་སོགས་ཀྱི་སྣང་ཚུལ་སྔོན་འགོག་ཐུབ་ནས་ད་ཡོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆའི་བདེ་འཇགས་འགན་ལེན་ཐུབ་ཡོད།   དཀར་ཆག་སྒྲིག་པ་དང་པར་ལེན་བྱེད་པའི་བརྒྱུད་རིམ་ནང་ད་ཡོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མ༼ཤོག་རིགས་དཔེ་ཆ་ཚུད་པ༽དེ་དག་ཆ་ཚང་མིན་ལ་མ་བལྟོས་པར་ཚང་མང་དཀར་ཆག་སྒྲིག་པ་དང་ཡིག་ཚགས་བཟོས་པ་མ་ཟད།པར་ལེན་བྱས་པའི་མ་ཡིག་གི་པར་རིས་དེ་དག༼བོད་རང་སྐྱོང་ལྗོངས་ཀྱིས་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་པར་ལེན་ཀུན་བཏུས༽ནང་བཀོད་དེ་དེང་རབས་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་གནའ་བོའི་ཚད་ལྡན་ཡིག་ཆའི་ཤུལ་བཞག་རྒྱུ་དངོས་དེ་ཇི་སྲིད་བར་ཉར་ཚགས་བྱ་རྒྱུ་རེད། ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བར་ཆེད་དོན་ཞིབ་བསྡུར་ཚོགས་འདུའམ་རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་ཐེངས་མང་པོར་འཚོགས་ནས་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མའི་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་གྲོས་མང་པོ་བསྡུར། བོད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་སྲོལ་རྒྱུན་གྱི་སྲུང་སྐྱོབ་བྱ་ཐབས་གཞིར་བྱས་ནས་དེང་རབས་ཚན་རྩལ་ གྱི་སྲུང་སྐྱོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གཟབ་ནན་ངང་སྤྱོད་རྒྱུ་དེ་དེང་སྐབས་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་དོ་དམ་ལས་དོན་གྱི་མཛུབ་ཁྲིད་བསམ་བློར་འཛིན་པ་དང་།ད་ཡོད་རྒྱུན་འཁྱོངས་དང་།ལམ་ལུགས་གཅིག་གྱུར།ཁ་ཐོར་སྲུང་སྐྱོབ་བཅས་ཀྱི་ཞིབ་ཕྲའི་དོ་དམ་སྲུང་སྐྱོབ་བྱེད་སྟངས་གཏན་འཁེལ་བྱེད་པ།གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་།ཆ་རྐྱེན་ལེགས་སུ་གཏོང་བ།ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་བཏོན་པ་དང་ཆབས་ཅིག་ཆེད་དངུལ་བཏང་ནས་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་ཉར་ཚགས་ཚན་པ་དང་ལྷན་དུ་ལྗོངས་ཡོངས་ཀྱི་ད་ཡོད་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མར་ཞིབ་ཕྲའི་སྲུང་སྐྱོབ་བྱེད་སྟངས་རེ་རེ་བཞིན་ལག་ལེན་བསྟར་ཡོད།ཉར་ཚགས་ཀྱི་བླང་བྱ་དང་འཚམ་པའི་ཚད་ལྡན་གྱི་དཔེ་ཆའི་རས་ཐུམ་དང་།གླེགས་ཤིང་།དཔེ་ཁྲི།པོ་ཏིའི་དཀར་ཆག་བཅས་གཅིག་གྱུར་བཟོས་པ་དང་།ཁ་ཐོར་ཉར་ཚགས་བྱས་པའི་སྡེ་ཚན་ལ་ཆེད་སྤྱོད་ཉེན་ཟོན་ལྕགས་སྒམ་སྒྲིག་སྦྱོར་བྱས་ཡོད།ད་ཡོད་གཅིག་སྡུད་ཉར་ཚགས་བྱས་པའི་ཉར་ཚགས་ཚན་པར་དཔེ་ཆ་འཇོག་མཛོད་སྒྱུར་བཀོད་ཀྱི་འགྲོ་གྲོན་དང་དེ་བཞིན་ཆེད་སྤྱོད་དཔེ་སྒྲོམ་དང་།འགྲེམས་སྟོན་སྟེགས་བུ།དྲོ་གྲང་དཔྱད་ཆས་སྒྲིག་སྦྱོར་བྱས་པས་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་བྱེད་པའི་ཆ་རྐྱེན་ཇེ་ལེགས་དང་འཐུས་ཚང་དུ་ཕྱིན་ཡོད།

དཀར་ཆག་སྒྲིག་པ་བརྒྱུད་བོད་དུ་ལཉྫ་དང་།བོད་ཡིག པྲ་ཀྲི་ཏི་སོགས་ཡིག་རིགས་ཀྱི་ཏ་ལའི་ལོ་མའི་གནའ་བོའི་བྲིས་མ༼རིགས་༽ཆིག་སྟོང་ལྷག་ཙམ་ཉར་ཚགས་བྱས་ཡོད་དེའི་ཁྲོད་ཤོག་རིགས་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་དང་བོད་ཡིག་གི་བྲིས་མ་ཁག་གཅིག་ཚུད་པར་ཁྱོན་ཏ་ལའི་ལོ་མའི་དཔེ་ཆ་ཤོག་ལྷེ་ཆིག་ཁྲི་ཙམ་ཡོད་པ་ཕལ་ཆེར་གཏན་འཁེལ་བྱས་ཡོད།

སྲོལ་རྒྱུན་གྱི་བོད་ཡིག་གི་བཀའ་བསྟན་འགྱུར་གྱི་རིགས་དབྱེ་ཐབས་གཞིར་བཟུང་ད་ཡོད་བོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མའི་དོན་དངོས་དང་ཟུང་དུ་སྦྲེལ་ཚེ་དེ་དག་རིགས་ཆེ་གྲས22སུ་དབྱེ་ཆོག་པ་སྟེ།འདུལ་ཁྲིམས་དང་།ཤེར་ཕྱིན།མདོ་སྡེ།རྒྱུད་སྡེ།བསྟོད་ཚོགས།དབུ་མ།སེམས་ཙམ་པ།ཨབྷིདྷརྨ་༼མཛོད༽རྟོགས་བརྗོད།གསུང་ཚོགས།ཚད་མ།སྒྲ་རིག་པ།གསོ་བ་རིག་པ།སྙན་ངག མངོན་བརྗོད།སྡེབ་སྦྱོར།ཟློས་གར།སྐར་རྩིས།ཚིག་མཛོད།སྣ་ཚོགས།རིག་བྱེད་སོགས་རིག་ཚན21དང་ཐོར་བུའི་རིགས་གཅིག་ཡིན།དེའི་ནང་གཙོ་བོ་ནང་བསྟན་གྱི་མཚན་ཉིད་རིག་པ་དང་།མི་ཆོས་རིག་པ།གཏན་ཚིགས་རིག་པ།སྒྲ་རིག་པ།སྙན་ངག མངོན་བརྗོད།རྩོམ་རིག་བཅས་ཚུད་ཡོད་ལ་གསོ་རིག་དང་སྐར་རྩིས་སོགས་རང་བྱུང་ཚན་རིག་ཐད་ཀྱི་ནང་དོན་ཡང་ཚུད་ཡོད།གཞི་རྩའི་ཆ་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་པའི་གནས་བཅུ་སྟེ།རིག་གནས་ཆེ་ཆུང་ལྔ་འདུས་ཡོད་པ་དང་ནང་བསྟན་ལོ་རྒྱུས་དང་།ནང་བསྟན་གྱི་ལོ་ཙྰའི་ལོ་རྒྱུས།ཚན་རྩལ་ལོ་རྒྱུས།ཀྲུང་གོ་དང་རྒྱ་གར་དབར་གྱི་རིག་གནས་སྤེལ་རེས་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཞིག་ཡིན།དེའི་མི་ཚད་ཏ་ལའི་ལོ་མའི་ཚད་ལྡན་ཡིག་ཆ་དེ་དག་ལཉྫའི་ཡིག་གཟུགས་རིགས་མི་འདྲ་བ་བཅུ་ལྷག་ཙམ་ལ་བརྟེན་ནས་བྲིས་པ་ཕལ་ཆེར་གཏན་འཁེལ་བྱས་པ་དང་བོད་ཡིག་གསར་གཏོད་གནང་སྐབས་ལཉྫའི་གསལ་བྱེད་དེ་སྒྲ་རིག་པ་དང་བརྡ་སྤྲོད་རིག་པ་སོགས་དང་འབྲེལ་བ་ཟབ་མོ་ཡོད་ལ་གནའ་བོའི་ཡིག་གཟུགས་རིག་པ་དང་སྒྲ་རིག་པར་ཞིབ་འཇུག་བྱེད་པའི་གཅེས་ནོར་ཞིག་ཀྱང་ཡིན། བོད་ཀྱི་ད་ཡོད་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མའི་ཁྲོད་དཔེ་རྒྱུན་དཀོན་རིགས་དང་།གནའ་དཔེ་རྩ་ཆེན།རྩ་ཆེའི་དཔེ་དེབ་བཅས་ཀྱི་རིགས་མི་ཉུང་བ་ཞིག་ཡོད་པ་དང་དུས་རབས་བཅུ་གཅིག་པའི་བྲིས་མ༼དབུ་མའི་སྙེ་མ༽ཡོད་པ་མ་ཟད།ད་བར་མཐོང་དཀོན་པའི་བོད་འགྱུར་དང་རྒྱ་འགྱུར་གྱི་འགྱུར་མ་ཡོད་པ་དེ་དག་རྩ་ཆེ་ལ་ཧ་ཅང་དཀོན་པོ་ཡིན།ལྷག་དོན་དུ་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་དེ་བོད་བརྒྱུད་ནང་བསྟན་གྱི་བོད་ཡིག་གི་བཀའ་བསྟན་འགྱུར་དང་འབྲེལ་བ་དམ་པོ་ཡོད་པས་ཚད་ལྡན་ཡིག་ཆའི་རིན་ཐང་དེ་བས་ཆེན་པོ་ལྡན་ཡོད།

དཀར་ཆག་སྒྲིག་པའི་བརྒྱུད་རིམ་ནང་བྲིས་མ་ཁག་གཅིག་གི་ཐོག་རྩོམ་པ་པོའི་མཚན་བཀོད་ཡོད་ལ་ཁག་གཅིག་ལ་ལོ་མའི་ཤོག་གྲངས་དང་པོའམ་ཤོག་གྲངས་མཇུག་ཤོས་དེའི་ཐོག་སུས་ཡིག་སྒྱུར་བྱས་མིན་དང་།སུས་ཁྱབ་གདལ་བཏང་མིན།སུས་ཉར་ཚགས་བྱས་མིན་སོགས་ཕྱི་མིས་མཆན་འགོད་བྱས་པའི་ཟིན་ཐོ་ཕྲན་བུ་བཀོད་ཡོད།གོང་གསལ་གྱི་ཟིན་ཐོ་ཙག་ཙིག་འཁོད་པ་དང་།པུ་ཏི༼རིགས༽རེ་རེའི་བྲིས་མས་མཚོན་པའི་ནང་དོན་དང་ཁྱད་ཆོས།དེ་བཞིན་ལཉྫ་ནས་བོད་ཡིག་ཏུ་བསྒྱུར་སྐབས་ཀྱི་རྒྱབ་ལྗོངས་ཆེན་པོ་སོགས་ལ་ཕྱོགས་བསྡུས་ཁུངས་སྐྱེལ་ལམ་རིགས་དཔག་བྱས་པ་བརྒྱུད་བོད་ཀྱི་ད་ཡོད་ཏ་ལའི་ལོ་མའི་དཔེ་ཆ་མང་ཆེ་བ་ནི་དུས་རབས8པ་ནས་དུས་རབས14པའི་བར་གྱི་ལཉྫའི་བྲིས་མ་ཡིན་པ་དང་དེ་ལས་སྔ་ཙམ་དེད་ན་དུས་རབས7པའི་དུས་མགོའི་བར་དེད་ཆོག་ལ་མཇུག་ཤོས་དེའང་དུས་རབས17ཡས་མས་སུ་ཡིན་པ་གཏན་འཁེལ་རགས་ཙམ་བྱུང་ཡོད། དེ་མ་ཟད་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་དོན་སྤེལ་རིང་༼བོད་རང་སྐྱོང་ལྗོངས་སུ་ཉར་བའི་ཏ་ལའི་ལོ་མའི་སྤྱིའི་དཀར་ཆག༽༼གྰ་རྣམ་པ་དང་ཁྱོན་བམ་པོ་བཞི༽དང་།༼བོད་རང་སྐྱོང་ལྗོངས་སུ་ཉར་བའི་ཏ་ལའི་ལོ་མའི་དཔེ་ཆའི་པར་ལེན་ཀུན་བཏུས༽༼ཁྱོན་བམ་པོ་བགོས་དེབ61༽༼བོད་རང་སྐྱོང་ལྗོངས་སུ་ཉར་བའི་ཏ་ལའི་ལོ་མའི་དཔེ་ཆའི་པར་ལེན་ཀུན་བཏུས་ཀྱི་སྟབས་བདེའི་དཀར་ཆག༽༼བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་འཆར་འགོད་དང་ལག་བསྟར་བྱེད་ཐབས༽༼བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་དོ་དམ་བྱེད་ཐབས༽བཅས་དང་དེ་བཞིན་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལེགས་འབུལ་པར་གཞི་༼བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་བྱེད་པའི་དངོས་བྲིས༽༼ལེའུ་གསུམ༽སོགས་གྲུབ་འབྲས་ཆེན་པོ་ཐོབ་ནས་སླད་ཕྱིན་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དེང་སྐབས་འཛམ་གླིང་ཐོག་གི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་བྲིས་མ་ཉར་ཚགས་བྱས་ཚུལ་ལ་བལྟས་ཚེ།ད་ཆ་བོད་རང་སྐྱོང་ལྗོངས་སུ་ཉར་བའི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆའི་རིགས་མང་བ་དང་།ནང་དོན་རྒྱ་ཆེ་བ།གྲངས་འབོར་མང་བ།སྤུས་ཚད་ལེགས་པ།ཉར་ཚགས་ཡག་པོ་བྱས་ཡོད་པ།ཁྱད་ཆོས་དམིགས་བསལ་དོད་པ་བཅས་ཡོད།རིན་ཐང་ཧ་ཅང་ཆེ་ལ་ཁ་གྲངས་ལ་ཚད་བཀག་ཡོད་པ་མ་ཟད།སླར་ཡང་འབྱུང་ཐབས་དཀའ་བའི་རིག་གཞུང་གི་ཐོན་ཁུངས་ཤིག་ཡིན་པའི་ཏ་ལའི་ལོ་མིའི་དཔེ་ཆ་ཞིབ་བཤེར་ཐོ་འགོད་དང་།སྲུང་སྐྱོབ་ལེགས་སྒྲིག པར་ལེན་ཞིབ་འཇུག་བཅས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ་སྤྱི་ཚོགས་ཚན་རིག་དང་བོད་རིག་པའི་ཞིབ་འཇུག་ལས་དོན་གྱི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ནི་དེ་བས་ཀྱང་ཡིན།བོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆའི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་ཚེ་ཀྲུང་ཧྭ་རིག་གནས་ཀྱིས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1