ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པར་ནན་བཤད་གནང་དོན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-31


ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པར་ནན་བཤད་གནང་དོན།

སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སློབ་གསོ་དར་ཚེ། གཞི་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་དང་སློབ་གསོ་སྟོབས་ཆེར་ཕྱིན་ན། གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་ཀྱི་སྔོན་འགྲོའི་ཁྲིད་སྟོན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་དར་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་འདུ་འགོད་བཅས་རེད། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། རང་འགུལ་ངང་སྔོན་ལ་བཀོད་སྒྲིག་དང་། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ། གནས་བབ་གསར་པ་གསར་འབྱེད་ཧུར་ཐག་བཅས་བྱེད་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་རྩ་བ་བརྟན་དུ་གཏོང་བ། སློབ་གསོ་སྟོབས་ཆེར་བཏང་ནས་རྒྱལ་ཁབ་འབྱོར་ཕྱུག་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིའུ་ཡུང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་མ་ཟད། ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ནན་ཏན་ངང་འགྲེལ་བཤད་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་འགྲེལ་བཤད་གསན་པ་དང་གྲོས་བསྡུར་གནང་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ཐབས་ཇུས་གལ་ཆེན་བཏོན་པར་བརྟེན་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་འགྲོ་བར་སྐུལ་མ་ཐེབས་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་བསྐྲུན་པས། སློབ་གསོ་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་འཛམ་གླིང་གི་འབྲིང་རིམ་ཡན་གྱི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ཡོད། ཚོད་རྩིས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་སྟོན་གྲངས་དེ་གོ་ལ་ཧྲིལ་པོའི་ཨང་23པར་སླེབས་པ་དང་2012ལོ་ལས་ཨང་26འཕར་ནས་ཡར་རྒྱས་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བསྐྲུན་རྒྱུའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བརྩི་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དེ་རྩ་བའི་ལས་འགན་དུ་བརྩི་བ། ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་དམིགས་ཚད་དུ་བརྩི་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཞབས་འདེགས་ཞུ་རྒྱུ་དེ་འགན་འཁྲི་གཙོ་བོར་བརྩི་བ། སློབ་གསོའི་འདུ་ཤེས་དང་། མ་ལག ལམ་ལུགས། ནང་དོན། བྱེད་ཐབས། བཅོས་སྐྱོང་བཅས་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་གཞི་རྩའི་ཐབས་ལམ་ལ་བརྩི་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་དེ་ལྟེ་བའི་ནུས་པར་བརྩི་བ་བཅས་བྱས་ཏེ་མཐར་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་རེད་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལྟེ་བའི་ཞིབ་འཇུག་བྱ་གཞིའང་རེད། ང་ཚོས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཡུལ་ནི། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་སྤྱོད་ཐུབ་པ་དང་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱས་ཏེ་ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་རྒྱུན་འཛིན་མཁན་ཡོད་པ་བྱ་རྒྱུ་དེ་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྤྱད་དེ་བློ་སྦྱོང་ངང་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མར་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུའི་དམ་བཅའ་འཇོག་པ་བཅས་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་སྲོག་རྩར་བརྩིས་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་སྐྲུན་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་རྩ་བ་ནི་རྨང་གཞིའི་སློབ་གསོ་ཡིན། རྨང་གཞིའི་སློབ་གསོ་ཇི་ཙམ་བརྟན་པོ་བྱུང་ན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་གོམ་སྟབས་དེ་ཙམ་གྱིས་བརྟན་པ་དང་གཏིང་ཤུགས་དེ་ཙམ་གྱིས་བརྟན་པོ་ཡོང་ཐུབ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོར་བརྟེན་ནས་སློབ་མའི་ཤེས་བྱའི་རྨང་གཞི་བརྟན་དུ་གཏོང་དགོས་ལ། སློབ་མས་ཚན་རིག་གོང་དུ་བཀུར་བ་དང་མ་ཤེས་པ་འཚོལ་ཞིབ་བྱེད་པའི་དགའ་ཕྱོགས་འཕེལ་བར་བྱས་ནས་སློབ་མའི་འཚོལ་ཞིབ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བསམ་གཞིག་སྤུས་ཚད་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣའི་ལྟ་བ་དང་། ཤེས་ལྡན་མི་སྣར་འགྱུར་བའི་ལྟ་བ། སློབ་གསོའི་ལྟ་བ་བཅས་འཛུགས་པ་དང་སློབ་གསོ་ཁེ་ཕན་ཅན་གྱི་ཁ་ལོ་མགྱོགས་མྱུར་བསྒྱུར་བ་བྱས་ནས་སྐྱོན་བྲལ་གྱི་སློབ་གསོའི་ཁོར་ཡུག་ཆགས་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལས་འགན་གལ་ཆེན་ལ་བརྩི་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་བསྐྲུན་པར་ནང་གནས་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ཚུན་འདེགས་སྐྱོར་རང་བཞིན་ལྡན་པས། དེ་གསུམ་ཟུང་འབྲེལ་ནུས་ལྡན་དང་སྡེབ་གཅིག་ཏུ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་ལྡབ་བརྒྱ་ཐོན་པར་བྱེད་དགོས། ཚན་རིག་དང་མཐུན་པའི་སློབ་གསོ་དང་འདུ་འགོད་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྩེར་སོན་གྱི་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཐག་གཅོད་བྱ་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་པ་ནི་བརྒྱུད་རིམ་རང་བཞིན་གྱི་འཕེལ་རྒྱས་དང་ངོ་བོའི་འགྱུར་ལྡོག་ཞིག་ཡིན་པས་ངེས་པར་དུ་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་སྣ་གསོ་སྐྱོང་བྱེད་ཐབས་དང་། སློབ་གཉེར་བྱེད་ཐབས། དོ་དམ་སྒྲིག་སྲོལ། འགན་ལེན་ལམ་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་དག་མཐའ་གཅིག་ཏུ་བསལ་ནས་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭ་དང་སློབ་གྲྭ ཚོགས་སྤྱི་བཅས་དབར་གྱི་སློབ་གསོའི་ཧེ་བག་ཆུང་དུ་བཏང་སྟེ་ཕྲུ་གུ་ཚང་མས་གཞུང་དྲང་ལྡན་ལ་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སྤྱོད་ཧུར་ཐག་ཐུབ་པ་དང་འབྲེལ། “སློབ་གྲྭ་ཡག་པོར་སྐྱོད་པའི”མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་འཐབ་ཇུས་འཐུས་སྒོ་ཚང་དུ་བཏང་ནས“ནང་དུ་འདྲེན་པ”དང“ཕྱི་རུ་སྐྱོད་པའི”ལས་དོན་ཆེན་པོ་གཉིས་ལ་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ་དང་འཛམ་གླིང་གི་སློབ་གསོའི་ཐོན་ཁུངས་རྩེ་གྲ་དང་གསར་གཏོད་ཀྱི་གཞི་རྒྱུ་གཙོ་བོ་གང་ལེགས་སྤྱད་དེ། རང་རྒྱལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སློབ་གསོའི་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། གོ་ལ་ཧྲིལ་པོའི་སློབ་གསོ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ནས“ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི”སྤུས་རྟགས་གཏོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་གོའི་ཉམས་མྱོང་བརྒྱུད་བསྒྲགས། ཀྲུང་གོའི་སྐད་སྒྲ་སྒྲོག་པ་བཅས་བྱས་ནས་རྒྱལ་སྤྱིར་རང་རྒྱལ་གྱི་སློབ་གསོའི་ཤུགས་རྐྱེན་ནུས་པ་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོ་སྟོབས་ཆེར་གཏོང་བར་སྔོན་ལ་ངེས་པར་དུ་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞིའི་ལས་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀུན་སྤྱོད་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་བ་དང་། དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་གཏོང་བ། དགེ་རྒན་སྤྱི་ཚོགས་ཀྱིས་བརྩི་འཇོག་ཆེན་པོ་བྱེད་པའི་ལས་རིགས་ཀྱི་གྲས་ཤིག་ཏུ་འགྱུར་བར་བྱེད་པ། ཕུལ་བྱུང་ཤེས་ལྡན་པས་སྤྲོ་སེམས་ཆེན་པོས་སློབ་གསོ་གཉེར་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོ་གཉེར་བ། ཡུན་རིང་སློབ་གསོ་གཉེར་བ། ཚེ་གང་སློབ་གསོ་གཉེར་བ་བཅས་ལ་རྒྱབ་སྐྱོར་དང་ཡིད་དབང་འགུག་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་དགེ་རྒན་ཚོས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཀུན་སྤྱོད་ཀྱི་གནས་ཚད་མཐོ་རུ་གཏོང་བ། ཡོན་ཚད་ཟབ་ཏུ་གཏོང་བ། བྱམས་སེམས་སྐྱེད་སྲིང་བཅས་ལ་ཁྲིད་སྟོན་བྱེད་པ་དང་། “སློབ་གསོའི་ལས་ལ་གཞོལ་ནས་རྒྱལ་སྟོབས་འཕེལ་བར་ང་ཡིས་འབད”པའི་ཕུགས་བསམ་དང་འདུན་པ་འཛུགས་པ་དང་། སློབ་ཁྲིད་ཀྱི་ལས་གནས་བརྟན་པོར་སྲུང་བ། བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་མི་སྐྱོང་བཅས་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1