༄༅། །བོད་ལྗོངས་སུ་འགྱུར་རྡོ་གསར་པ་ཤེས་རྟོགས་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 06-01


        ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་མིས་ཇོ་རིའི་ཁུལ་དུ་གསུམ་རྩེགས་དུས་རབས་ཀྱི་རྒྱ་མཚོའི་བཙན་བདག་སྟེ། ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་གསར་དུ་ཤེས་རྟོགས་བྱུང་ཡོད་ཅིང་། འདི་ནི་མཚོ་བོད་ས་མཐོར་ཐོན་པའི་བོངས་ཆེ་ཤོས་ཀྱི་སྐལ་པ་ཆགས་པའི་ཐོག་མའི་དུས་ཀྱི་སྲོག་ཆགས་ཤིག་ཡིན།

        གང་དེ་ཤེས་རྟོགས་བྱུང་བ་དེས་སྐལ་པ་མ་ཆགས་གོང་གི་རྒྱ་མཚོའི་ཟན་འཛིན་ཐད་རྒྱུས་མངའ་ལོན་རྒྱུ་དང་། ཧི་མ་ལ་ཡའི་ས་ཁུལ་དང་བར་སྐྱེ་དུས་རབས་ཀྱི་རྒྱ་མཚོའི་འབྱུང་ཁམས་མ་ལག་ལ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།

        ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་མང་པོ་ཞིག་གིས་སྔ་རྗེས་སུ་དིང་རི་དང་གཉའ་ལམ་རྫོང་གི་རི་མ་ཐང་དུ་གཙོ་གནད་ཐོག་སུམ་བརྩེགས་དུས་རབས་ཕྱི་མའི་ཉ་འབྲུག་གི་འགྱུར་རྡོ་ཚུད་པའི་ས་རིམ་ལ་ཞིབ་ཅིང་ཕྲ་བའི་བརྟག་དཔྱད་པས། སྔ་རྗེས་སུ་ཁུངས་སྣེ་ཁ་ཤས་ཤེས་རྟོགས་བྱུང་བ་དང་། སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་ཁ་ཤས་རྙེད་ཀྱང་ཚད་བརྒལ་རང་བཞིན་གྱི་ཤེས་རྟོགས་ཐུབ་པར་ད་དུང་ཁུངས་སྣེ་འདང་གི་མེད། དེ་སྔའི་ཉ་འབྲུག་གི་རུས་པ་མང་པོ་ཐོན་པའི་འགྱུར་རྡོའི་བང་རིམ་སྔར་བཞིན་རི་ཁུལ་དུ་ཡོད་པ་རེད།

        སྤྱི་ལོ་2023ལོའི་ཟླ་1ཚེས་30ཉིན། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་རིམ་འགྱུར་ཕྱོགས་བསྡུས་རྟོག་ཞིབ་རུ་ཁག་ལྷ་སར་འབྱོར་བ་དང་། རིམས་ནད་ཀྱི་དབང་གིས་ཡུན་རིང་བཞག་པའི་ཐེ་ཐི་སིའི་ཧི་མ་ལ་ཡའི་ཁུལ་གྱི་གནའ་བོའི་སྐྱེ་དངོས་རྟོག་ཞིབ་དང་ཇོ་རིའི་ཁུལ་གྱི་བར་སྐྱེས་གནའ་བོའི་སྐྱེ་དངོས་རྟོག་ཞིབ་དང་འཚོལ་ཞིབ་བྱེད་པའི་ཚན་ཞིབ་སླར་ཡང་བྱེད་འགོ་བཙུགས་པ་རེད།

        ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཏེང་ཐའོ་དང་ཞིབ་འཇུག་པ་ཉི་ཞི་ཅུན་གྱི་སྣེ་ཁྲིད་འོག རྟོག་ཞིབ་རུ་ཁག་གིས་ཁ་ཕྱོགས་མི་འདྲ་བའི་ཚན་ཞིབ་སྟོབས་ཤུགས་ཀྱི་དཔུང་ཁག་གཅིག་ཏུ་བསྡུས་ནས། དིང་རི་རྫོང་སྒང་དཀར་གྲོང་རྡལ་དུ་ཚད་བརྒལ་དང་ཤེས་རྟོགས་ཐུབ་ནས་སྒང་དཀར་ལྷོ་རྒྱུད་ཀྱི་སུམ་བརྩེགས་ཆོས་ལུང་དགོན་པའི་ཙུའུ་རུ་ཉུང་མཐར་ཡང་བང་རིམ་གསུམ་གྱི་བྲག་རྡོའི་བང་རིམ་ཁྲོད་ནས་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་རྙེད་ཡོད། རུས་པའི་ཆགས་ཚུལ་གྱི་སྟེང་ནས་བལྟས་ན། དེ་དག་ནི་མི་རྣམས་ཀྱིས་དུས་ཡུན་རིང་བོར་འཚོལ་བཞིན་པའི་ཉ་འབྲུག་གི་འགྱུར་རྡོ་ཆེན་པོ་ཞིག་ཡིན།

        ཤེས་རྟོགས་བྱུང་བར་གཞིགས་ན། སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་དེ་དག་རྙེད་པ་ལས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་ཁྱུ་ཚོགས་བསྐྱར་འཛུགས་བྱས་ཏེ་ཐོག་མའི་གསར་བསྐལ་ནས་སྔོན་མའི་བསྐལ་གསར་བར་རིམ་བཞིན་རིམ་བརྗེ་བྱེད་པའི་བརྒྱུད་རིམ་དང་། ཉ་རིགས་དང་གོག་འགྲོའི་རིགས་སོགས་ཀྱི་འགྱུར་རྡོ་དེ་དག་གིས་མཐོ་སྒང་གི་སྐྱེ་དངོས་བོད་ལྗོངས་ནས་འཛམ་གླིང་ས་གནས་ཁག་ཏུ་བསྐྱོད་པ་ར་སྤྲོད་ཐུབ་ཀྱི་ཡོད། ཨ་ཧྥེ་རི་ཁ་གླིང་དང་ཡོ་རོབ། མེ་གླིང་བཅས་ཀྱི་སྣ་མང་རང་བཞིན་ལ་འགྱུར་ལྡོག་ཕྱིན་ཡོད། འོན་ཀྱང་ཉ་འབྲུག་གི་འགྱུར་རྡོ་ཤེས་རྟོགས་བྱུང་བ་དེས་འཛམ་གླིང་ཡང་རྩེའི་རྒྱ་མཚོ་གངས་རིར་འགྱུར་བའི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་གསལ་པོར་བསྟན་ཡོད།

        ཚན་ཞིབ་རུ་ཁག་གིས་ཤེས་རྟོགས་བྱུང་བའི་སྒོ་མོ་ཕྱེ་ཟིན་པ་དང་། དེའི་རྗེས་དཔྱད་གཞི་དེ་དག་ལ་ཞིབ་འཇུག་བྱས་ཚེ། དེ་བས་མང་བའི་ཤེས་རྟོགས་དང་གྲུབ་འབྲས་ཐོབ་ངེས་ཡིན་པ་རེད། ཉ་འབྲུག་གི་འགྱུར་རྡོ་དང་འགྲོགས་ནས་སྐྱེས་པའི་ལུག་མིག་རྡོ་དང་སྐོགས་ཤུན་སོགས་འགྱུར་རྡོ་འབོར་ཆེན་གྱིས་ཀྱང་སུམ་བརྩེགས་དུས་རབས་ཀྱི་གནའ་བོའི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ཤེས་རྟོགས་བྱེད་པར་ཆ་འཕྲིན་སྔར་ལས་མང་བ་མཁོ་འདོན་བྱས་ཡོད། འགྱུར་རྡོ་ཆེན་པོ་འཚོལ་བ་ཕུད་ཚན་རིག་རྟོག་ཞིབ་རུ་མིས་ད་དུང་གཤགས་ངོས་ཐོག་བྲག་རྡོའི་མ་དཔེ་བརྒྱུད་རིམ་ལྡན་པའི་ངང་འཚོལ་བསྡུ་བྱས་ཏེ། དིམ་བསགས་རིག་པ་དང་སའི་གོ་ལའི་རྫས་འགྱུར་དབྱེ་ཞིབ་ཀྱིས་ཐེ་ཐི་སི་ཧི་མ་ལ་ཡའི་གནའ་བོའི་རྒྱ་མཚོའི་ཁོར་ཡུག་གི་ཆ་འཕྲིན་དེ་བས་མང་བ་ཤེས་རྟོགས་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1