༄༅།།ཧོར་པོའི་འོ་སེ་གཤིས་ཀྱི་ས་མིང་ལ་ཅུང་ཟད་དཔྱད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-07


ཧོར་པོ་གཤིས་ནི་དེང་དུས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་མངའ་ཁོངས་ཧོར་པོ་གཤིས་ཀྱི་སའི་ཆར་གཏོགས་རྒྱལ་བ་ཀཿཐོག་པ་དང་མཆོད་ཡོན་འབྲེལ་བའི་ལྷ་སྡེ་དཀར་པོ་ཞིག་ཡིན་ལ། རིན་ཆེན་གསེར་གྱི་བྱེ་མ་འདྲེན་པའི་དྭངས་གཙང་ཡན་ལག་བརྒྱད་ལྡན་ཁྲོམ་ཆུ་སྔོན་མོའི་འབབ་རྒྱུན་དང་།  ཤེལ་དཀར་གྱི་རླབས་ཕྲེང་མཁའ་ལ་འཐོར་ཞིང་གངས་ཞུན་སྨན་གྱི་ཐིགས་པ་བསགས་པའི་འབྲི་ཆུའི་གཞུར་རྒྱུན་གཉིས་གཅིག་ཏུ་སྡེབ་པའི་འདུས་མདོའི་ལུང་འདའ་ནས་རག་ཆབ་ཁ་ལ་སྒང་དྲུག་གི་མཚམས་འཛིན་བྱས་པའི་ཕུ་དང་། བར་དུ་སྡེ་ཆེན་ཀ་འོག་ཚོ་བརྒྱད་ཅེས་མར་ཁུའི་རྒྱ་མཚོ་ཐང་ལ་འཁྱིལ་བ་ལྟར་གོ་སྒྲིབ་མེད་པར་ཆགས་ཡོད་པའི་རོང་སའི་ས་ཞིང་རྨོད་འདེབས་སོགས་སོ་ནམས་ཀྱི་ཐོན་སྐྱེད་གཙོ་བོར་བྱས་པའི་བུ་ཚ་བུ་མོའི་མགར་བཟོའི་ལག་རྩལ་གྱིས་ཕྱུག་པའི་ཕ་ས་ཞིག་ཡིན་ལ། ཧོར་ཞེས་པ་དེའང་གནའ་བོའི་གཏམ་རྒྱུད་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིབ་ཀྱི་གཏན་ལ་ཕབ་པར་བྱས་ཏེ་བཤད་ན།   གླིང་སྒྲུང་ནས་བཤད་པའི་ཧོར་རྒྱལ་ཆེན་གསུམ་བྱུང་མྱངས་བའི་ལོ་རྒྱུས་ལྟར་ན་ཐ་མ་གུར་དཀར་སྟག་ཞུ་རྒྱལ་པོའི་ནང་བློན་མགར་ཆོས་དར་གྱི་རིགས་བརྒྱུད་མ་ཉམས་པར་ཧོར་གླིང་འཁྲུགས་སྐབས་གནས་འདིར་འདུས་སྡོད་བྱས་ནས། པ་དུར་དང་ཤན་པ་སོགས་ཧོར་དམག་གིས་མཚོན་ཆ་མདའ་མདུང་གྲི་སོགས་བརྡུང་ནས་ས་གནས་འདིར་མིའི་འགྲོ་བ་ཐོག་མར་སྐབས་དེར་ཆགས་ཡོད་པའི་གནའ་བོའི་གཏམ་རྒྱུད་རྡོ་རྗེ་སྐེད་ལེན་ཞིག་དེང་དུས་གི་བར་རྒྱུན་མ་ཆད་ཙམ་ཞིག་བཤད་སྲོལ་ཡོད་ལ།  ལོ་རྒྱུས་དངོས་པོའི་བདེན་དཔང་ལ་བོད་རབ་བྱུང་གསུམ་པའི་ས་ཡོས་ཏེ་སྤྱི་ལོ་༡༡༥༩ཡས་མས་སུ་ཀཿ་དམ་པ་བདེ་གཤེགས་དྲུང་དུ་གླིང་གི་དགྲ་ལྷ་རྩེ་རྒྱལ་འདས་ནས་བསྔོ་རྟེན་བྱུང་བ་ཁོང་གི་རྣམ་ཐར་ལས་གསལ་བས།  གཞན་ཧོར་གྱི་ལོ་རྒྱུས་ཟུར་ཙམ་ཡང་མི་འདུག་པས་ལུང་རིགས་ཀྱི་སྒོ་ནས་ལྟ་ཅི་བཤད་ཡམས་ཙམ་མ་གཏོགས་ཁོ་བོའི་སྒྲུབ་བྱེད་ཡང་དག་ཞིག་མ་མཐོང་བས་བཤད་ཁག་པོ་ཆགས་སོང་།   དེའང་ཕྱོགས་གཞན་ཞིག་ནས་བཤད་ན་རང་གི་མ་མཐོང་བ་ཙམ་གྱིས་མེད་པར་ཞིག་ཡིན་མི་དགོས་ལ།  སྔོན་གྱི་དམངས་ཁྲོད་རིག་གནས་ཕས་ཆེར་རྣམས་དེང་དུས་མཐོང་བཞིན་དུ་ཉམས་འོག་ཏུ་ཤོར་བ་འདི་དག་ཚོད་དཔག་ཙམ་མ་གཏོགས་ལོ་རྒྱུས་དངོས་ཀྱི་ཁུངས་སྣེ་འཚོལ་ཐབས་མེད་པ་ལྟ་བུར་གྱུར་ཡོད་པས་གོང་དུ་ཞུས་པའི་ཧོར་གྱི་གཏམ་རྒྱུད་ཀྱང་ཡུལ་དུས་གང་ཟག་སོགས་ཀྱིས་སྐལ་བའི་གབ་སྦས་གཉིས་ཀྱི་གསང་བའི་ལམ་དུ་ཤོར་སོང་བ་ཞིག་མིན་ནམ་སྙམ།   གལ་སྲིད་ཧོར་གྱི་རྗེས་ཤུལ་མགར་བའི་ཕ་ས་ཡིན་པའི་བདེན་དཔང་དེང་དུས་བར་མི་ཉམས་གོང་འཕེལ་དུ་འགྲོ་བཞིན་པའི་སྒྲུབ་བྱེད་བཀོད་ན།   དེའང་ཉམས་ཞིབ་ཀྱིས་རིགས་པའི་གྲོགས་སུ་སོང་བའི་ཡི་རངས་ཡོད་པའི་གཏམ་ཞིག་ཅི་ལ་མིན།   འོན་ཀྱང་ཕྱོགས་རེ་འདྲ་བ་ཙམ་གྱིས་སྒྲུབ་བྱེད་ཀྱི་རིགས་པ་དེས་ས་ཕྱོད་གང་ཡང་མེད་པས།  ཆུ་འགོ་གངས་དང་ཆོས་འགོ་སངས་རྒྱས་ལ་བཏུགས་པའི་དཔེ་ལྟར་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱིས་རྐང་འཛིན་པའི།  རྒྱབ་བརྟེན་སྔོན་གྱི་མཁས་པ་དག་གིས་ཡིད་ཆེས་སྐྱེས་པའི་ལུང་ལས་ལོ་རྒྱུས་དངོས་ཀྱི་བྱུང་རིམ་གཏན་ལ་ཕབ་པ་བྱ་བ་ནི་དགོས་པའི་དགོས་པ་སྟེ་ཉིང་དགོས་ཡིན།   དེ་ལྟར་ནའང་གླིང་སྒྲུང་གི་ལོ་རྒྱུས་མི་སྣ་བྱུང་རིམ་ལྟར་ན།  གླིང་སྒྲུང་ལས་བཤད་པའི་དགྲ་ཕར་འདུལ་གྱི་ཐོག་མར་འགོག་གླིང་ཕབ་པའི་གཏམ་དུ་སྣང་བ་ཡིན་ལ།  དེ་རྗེས་གེ་སར་བདུད་ཡུལ་བྱོན་པའི་རྗེས་ཤུལ་དུ་ཧོར་གླིང་འཁྲུག་ལང་བྱུང་བའི་ལོ་རྒྱུས་ལ་བརྟག་ན།   བདེ་མཆོག་རྩ་རྒྱུད་ལེའུ་དང་པོའི་སྟོད་འགྲེལ་ལྟར་ན་བོད་རབ་བྱུང་གཉིས་པའི་མེ་ཡོས་དང་སྤོར་ཐང་ལུགས་ཀྱི་འབྱུང་རྩིས་ལྟར་ན་སྤྱི་ལོ་༡༠༨༧ཡས་མས་སུ་ཡིན་པར་ཚོད་དཔག་བྱེད་ཐུབ།   གཉིས་པ་གང་ཟག་གང་གི་སྐབས་ཡིན་པར་ལོ་རྒྱུས་ཀྱི་ར་སྤྲོད་ཇི་ལྟར་བྱ་ཞེ་ན།  རླངས་གྲུབ་ཐོབ་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དེ་གླིང་གི་སྐབས་སུ་ཡིན་པ་དང་། ཁོང་དང་གེ་སར་བར་ཆོས་འབྲེལ་དང་བླ་སློབ་ཀྱི་འབྲེལ་བ་ཡོད་པ་སོགས་ཤེས་བྱེད་ལུང་གིས་གསལ་བ་ལྟར་དང་།    དེ་ནས་ཁོང་ནི་ཤར་གྱི་ཕྱོགས། །གེར་འཚོའི་མགུལ་དུ་བྱོན་པ་ལ། །གླིང་རྗེ་གེ་སར་གྱིས། སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲའོ། །སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། །ཁྱེད་ཀྱིས་བདག་གི་ལུས་སྐྱོབ་མཛོད།།  ཟེར་ནས། ཁོང་གི་ཞལ་ནས། ཁྱོད་འཆི་བའི་དུས་ལ་བབ་པ་ན། རང་རེས་འབད་ཀྱང་ག་ལ་བརྟེན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན།   ཞེས་གསུངས་པ་ལྟར།  སྐབས་དེར་སྤྱི་ལོའི་དུས་རབས་བཅུ་གཅིག་ཡས་མས་སུ་རླངས་གྲུབ་ཐོབ་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་སྐུ་ཚེ་མ་རྫོགས་པར་བཞུགས་ཡོད་པ་སོགས་ལོ་རྒྱུས་མང་ཙམ་སྣང་བས་གལ་སྲིད་ཧོར་གླིང་འཁྲུགས་སྐབས་ནས་ད་བར་བརྩིས་ན་ལོ་ངོ་དགུ་བརྒྱ་ལྷག་གིས་ལོ་རྒྱུས་ཡོད་པས་མགར་ཆོས་དར་སོགས་ཧོར་ཐེའུ་མགར་བའི་བླ་གནས་ཀྱི་ཧོར་པོ་མགར་བའི་ཕ་ས་ཡིན་པར་འགྲེལ་བཤད་བྱེད་ཐུབ། དེ་མིན་གཞན་གཏམ་རྒྱུད་ཙམ་ལ་ཁ་གཡར་ནས་བདེན་དོན་ར་སྤྲོད་བྱེད་སྙམ་ཚེ་ལོ་ངོ་དགུ་བརྒྱ་ལྷག་ལུས་ཡོད་པའི་རྒད་པོ་ཞིག་ལ་འདྲི་བ་ལས་གཞན་ལོ་རྒྱུས་བདེན་དཔང་བྱེད་པའི་མི་སྣ་ཞིག་བསྐལ་པའི་བར་རྙེད་པར་མི་འགྱུར་རོ།།    པོ་ནི་ཧོར་ལ་བདག་སྒྲའི་ཚིག་གྲོགས་ཀྱི་སྦྱོར་ཚུལ་སོང་བ་ཙམ་ལས་གཞན་སྒྲ་དོན་གྱི་འགྲེལ་བཤད་བྱས་པའི་ཁྱད་ཆོས་ལྷག་པོ་ཞིག་མ་འཐོང་།   ས་གནས་དེའི་ཁྱད་དུ་འཕགས་པའི་པད་ལྷུང་ཕུ་འདའ་གཉིས་ཞེས་ཡོངས་གྲགས་སུ་ཆགས་ལ་སྔ་བའི་དུད་ཚང་བཞི་སྟེ།  ཕུ་ལ་བ་ཇོ་གཉིས་དང་།

འདའ་ལ་འོ་ལྕང་གཉིས་བྱུང་བ་གྲགས་ལ།   ཕུ་ལ་བ་རང་ཚང་དང་ཇོ་ཁོ་ཚང་གཉིས་འདའ་ལ་འོ་སེ་ཚང་དང་ལྕང་འདུས་ཚང་གཉིས་ཏེ་བཞི་དེང་སང་ཡང་ཡོད་ལ།   དུད་ཁྱིམ་དེ་དག་ནི་སྐབས་དེར་དཔལ་རྒྱལ་བ་ཀཿཐོག་པའི་ཡོན་བདག་གཙོ་བོར་ཡིན་པར་མ་ཟད།  

དེའི་ནང་འོ་སེ་ཚང་གི་ཕ་མེས་ནས་བཟུང་མགར་བརྒྱུད་མ་ཆད་པའི་མགར་ཆོས་དར་གྱི་བརྒྱུད་འཛིན་པ་འཁྲུལ་མེད་ཡིན་པར་མ་ཟད།  དེང་དུས་ཀྱང་ཧོར་པོའི་གསེར་མགར་དངུལ་མགར་གྱི་ལག་རྩལ་བཟོ་རྒྱལ་འོ་སེ་ཀརྨའི་སྐུ་དྲིན་ཉག་ཅིག་བརྟེན་ནས་ཧོ་པོ་མགར་བའི་ཕ་ས་འདི་ཁོང་གིས་རླབས་ཆེན་གྱི་བྱ་བཞག་ཁོ་ན་ལས་མ་འདས་སོ།། སྤྱིར་པད་ལྷུང་དང་པད་ལུང་ཞེས་བཤད་ཚུལ་མི་འདྲ་བ་གཉིས་བྱུང་ཡང་དོན་དུ་མེ་ཏོག་པདྨ་ཞིག་ལ་བརྗོད་བྱར་བྱས་པ་གཅིག་མཚུངས་ཡིན་སྟབས་མེ་ཏོག་པདྨ་ཞིག་ཐང་དུ་ལྷུང་བ་ལྟ་བུའི་གནས་དང་།  ཡང་ན་མེ་ཏོག་པདྨའི་དགའ་ཚལ་གྱི་ལུང་པ་ཡིན་པའི་ཁྱད་པར་ཙམ་ལས་གཞན་ཐ་སྙད་འགྲེལ་སྟངས་གསུམ་པ་ཞིག་མེད་དོ།།   དེ་ཡང་ལངྐ་གཤེགས་པ་ལས།  མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་ཀྱིས། །ཆོས་རྣམས་མིང་དུ་བཏགས་པར་མཛད། ཅེས་གསུངས་པ་ལྟར། མིང་དེ་ལའང་དངོས་མིང་དང་བཏགས་མིང་།  འདོད་རྒྱལ་གྱི་མུང་དང་རྗེས་གྲུབ་ཀྱི་མིང།  བརྗོད་བྱའི་སྒོ་ནས་བཏགས་པའི་མིང་དང་བརྗོད་བྱེད་ཀྱི་སྒོ་ནས་བཏགས་པའི་མིང་།  ཡུལ་གྱི་སྒོ་ནས་བཏགས་པ་དང་།  དུས་ཀྱི་སྒོ་ནས་བཏགས་པ།   དཔེའི་སྒོ་ནས་བཏགས་པ་དང་།

ཞུ་བ་པོའི་སྒོ་ནས་བཏགས་པ་སོགས་མང་མོད།   བརྡ་འདོགས་པ་དང་དོན་གོ་བའི་ཁྱད་པར་གཉིས་ཀར་ཚང་སྟེ།   དེ་ཡང་རྣམ་འགྲེལ་ལས།  འཁྲུལ་མེད་ཅེས་ཤེས་དང་པོ་ཡིན། །བརྡ་ཡི་སྤྱོད་ཡུལ་གང་ཡིན་དངོས།།  ཞེས་གསུངས་པ་ལྟར་རོ།།  དུད་ཚང་དེ་དག་ཡུལ་གྱི་སྒོ་ནས་འདོགས་པའི་མིང་དུ་གྲགས་པ་ནི་ས་གནས་དེར་ཤིང་འོ་སེའི་སྡོང་པོ་མང་པོ་སྐྱེས་ཡོད་པའི་རྐྱེན་ལས་འོ་སེ་ཚང་དང་།  ཤིང་ལྩང་མའི་སྡོང་པོ་མང་པོ་ཕྱོགས་གཅིག་ཏུ་འདུས་པའི་རྐྱེན་ལས་ལྕང་འདུས་ཚང་སོགས་དེ་ལྟར་མིང་དུ་ཐོགས་སོང་བར་གྲགས་སོ།།   


རྩོམ་ཡིག་རྗེས་མ།
༄༅།།ནཱ་ལེནྡྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1