༄༅།། མང་ར་ཡུལ་གྱིས་གཉེན་སྲོལ་ལས་ཆང་བཤད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 06-08


ཆང་བཤད།

སྔོན་མོ་ནས་ཀྱི་འཁྲུངས་རབས་བཤད་ན།།

དགུང་སྔོན་པོ་གནམ་འདི་ཕ་ཡིན་ཟེར་གི།

གནམ་ནས་བདུད་རྩི་ཟིལ་མ་བབས་ཟིག།

ས་དོག་མོ་ཡངས་པོར་མ་ཡིན་ཟེར་གི།

རྩྭ་རྩི་ཏོག་ཐམས་ཅད་ས་ནས་སྐྱེས་ཟིག།

གནམ་ས་གཉིས་ཀྱི་བཅུད་ལས་གྲུབ་ནོ།།

ནས་འབྲུ་སྔོན་མོ་འདི་ཡིན་ཟེར་གི།

ས་བསྐལ་བ་ཆགས་པའི་ཚུན་ཆད་ནས།།

རི་རྒྱལ་བོ་རི་རབ་ཁོང་གསེང་དུ།།

འབྲུ་རིན་ཆེན་སྣ་ལྔའི་ས་བོན་རྙེད་ཟིག།

དང་བོ་ཡར་ལུང་ཁོག་ནས་བཏབ་ཟིག།

ནས་དྲུག་མོའི་སྙེ་མ་ཐོར་སེ་སྨིན་ཟིག།

སྤྱིར་བོད་ཁམས་ཡོངས་ལ་འདེབས་སྲོལ་བྱུང་ཟིག།

དཔྱིད་ཟླ་གསུམ་གྱི་དྲོད་འཁོལ་འཛོམས་དུས།།

ཆུ་གཙང་བོའི་ཆབ་རོམ་ཞུ་དུས་སུ།།

ཞིང་ལུད་རྫས་སྨན་ཆུ་དཀྱོལ་དཀྱོལ་བྱས།།

ནས་སོན་བཟང་ཆར་བ་འབབ་འབབ་བྱས།།

ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས།།

ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས།།

ཟོར་ཀོར་མོས་ཐང་མ་སྡུད་སྡུད་བྱས།།

ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིགས།།

ལག་ལས་ཀ་ཅན་གྱི་མ་སྲུ་ཚོ།།

ཟངས་སེར་བོའི་འཁར་ཟངས་གོར་མོ་ལ།།

ཆུ་གཙང་མ་བླུགས་ནས་དག་གཙང་བྱས།།

ཤིང་འབྲི་ཤུག་བདུགས་ནས་དག་གཙང་བྱས།།

ནས་འབྲུ་སྔོན་མོ་ནང་དུ་བཙོ་ཀི།

ནས་ཚོས་ཐལ་ཚོས་ཐལ་ཟེར་བའི་དུས་ན།།

མེ་འབའ་མ་འབར་གྱི་འཚོད་ཡག་གི།

དར་ཕྱུར་བ་དཀར་བོ་བསྐོལ་བསྐོལ་བྱེད་ཀི།

ནས་ཚོས་ཐལ་ཚོས་ཐལ་ཟེར་བའི་དུས་ན།།

འབྲི་མར་ཟོ་ལས་ལེན་ལེན་བྱེད་ཀི།

ནས་སྙོལ་ནས་སྙོལ་ཟེར་བའི་དུས་ན།།

བརྒྱད་ཅུ་ལོན་ལོན་སྙལ་སྙལ་བྱེད་ཀི།

ནས་ལོངས་ཐལ་ལོངས་ཐལ་ཟེར་བའི་དུས་ན།།

བྱིས་པ་གཅེས་ཕྲུག་སློང་སློང་བྱེད་ཀི།

སྟོད་རྒྱ་གར་ཡུལ་གྱི་ཆང་རྩི་བཏབ་ཟིག།

སྨད་རྒྱ་ནག་ཡུལ་གྱི་ཆང་ཕབས་བཏབ་ཟིག།

བོད་གངས་ཅན་ཡུལ་གྱི་སྨན་རྩི་བཏབ་ཟིག།

གཡུ་རྫ་མདོངས་མོ་ནང་ལ་བསྙལ་ཟིག།

ཐག་རིང་འགྲུལ་བ་ཐོ་བརྩེངས་ཟིག།

ཐག་ཉེའི་འགྲུལ་བ་ཁྱིས་བཀག་ཟིག།

ཟླ་བ་གསུམ་ལ་བསྙལ་ནས་བཞག་ཟིག།

ཉི་མ་གསུམ་ལ་རྟེན་འབྲེལ་བརྟགས་ཟིག།

ཐུན་མཚམས་གསུམ་ལ་ཁ་སྒོ་འབྱེད་ཟིག།

ཐེངས་མ་གསུམ་ལ་གཙགས་ནས་བྱུང་ཟིག།

ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་བཙགས་ཟིག།

ལོ་ཆང་ཁམ་པ་ཉིང་བཅུད་ཆེ་ཀི།

ཟླ་ལ་བསྙལ་བའི་ཟླ་ཆང་ཟིལ་མ་བཙགས་ཟིག།

ཟླ་ཆང་ཟིལ་མ་བཟི་ཁ་བཙན་ཀི།

ཞག་ལ་བསྙལ་བའི་ཞག་ཆང་གསར་བ་བཙགས་ཟིག།

ཞག་ཆང་གསར་བ་ཞིམ་མངར་ཆེ་ཀི།

བདུད་རྩི་མངར་མོ་འདི་ཡི་ནང་དུ།།

སེང་གེ་དཀར་མོའི་འོ་མ་བསྲེས་ཟིག།

ཞིམ་མངར་ཆེ་ནོ་དེའི་དོན་ཡིན།།

དོམ་ནག་རྒོད་པོའི་མཁྲིས་པ་བསྲེས་ཟིག།

བཟི་སྟོབས་ཆེ་ནོ་དེའི་དོན་ཡིན།།

རྒྱ་སྟག་དམར་བོའི་སྙིང་ཁྲག་བསྲེས་ཟིག།

ཞེ་སྡང་ཆེ་ནོ་དེའི་དོན་ཡིན་ཟེར་གི།

གླང་ཆེན་སྨྱོན་པའི་གི་ཝང་བསྲེས་ཟིག།

ལུས་ཤེད་ཤུགས་ཆེ་ནོ་དེའི་དོན་ཡིན།།

བྱ་རྒྱལ་ཁྱུང་གི་སྒོང་ང་བསྲེས་ཟིག།

ལུས་ཟིལ་ཤུགས་ལྡན་ནོ་དེའི་དོན་རེད།།

བྱ་ཁ་ལ་ཡུག་གི་ཁ་ཆུ་བསྲེས་ཟིག།

ལུས་ཟོར་ཡངས་ཆེ་ནོ་དེའི་དོན་རེད།།

ཁུ་བྱུག་སྔོན་མོའི་རྔུལ་ཆུ་བསྲེས་ཟིག།

གླུ་སྐད་གསེང་མཐོ་ནོ་དེའི་དོན་རེད།།

ཆང་འགོ་མའི་ནང་ནས་འབབ་དུས་སུ།།

ཤིང་ཙན་དན་འདྲ་བའི་དྲི་ཞིམ་ཁྱབ།།

ཤེལ་དྭངས་མོ་འདྲ་བའི་མདངས་ཤིག་ཤར།།

དེ་བླངས་ནས་ནམ་མཁའི་ལྷ་ལ་མཆོད།།

ལྷ་ཆོས་སྐྱོང་སྲུང་མས་མགོན་སྐྱབས་མཛོད།།

མི་མགོ་ནག་སྐྱིད་དོན་དེ་རེད་ཟེར་གི།

ཆང་བར་མའི་ནང་ནས་འབབ་དུས་སུ།།

ཟས་སྦྲང་རྩི་འདྲ་བའི་དྲི་ཞིག་ཁྱབ།།

གཡུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར།།

དེ་བླངས་ནས་བཙན་པོ་གཉན་ལ་མཆོད།།

བཙན་གཉན་པོ་དགྱེས་ནས་བསྡོངས་གྲོགས་མཛད།།

མི་མགོ་ནག་བཙན་དོན་དེ་རེད་ཟེར་གི།

ཆང་གཞུག་མའི་གཞུག་མ་འབབ་དུས་སུ།།

ཟས་བུ་རམ་འདྲ་བའི་དྲི་ཞིག་ཁྱབ།།

ཆུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར།།

དེ་བླངས་ནས་འོག་གི་ཀླུ་ལ་མཆོད།།

ཀླུ་གདེངས་ཅན་སྡུག་ཡུས་ནས་ཕྭ་གཡང་གནང་།། 

མི་མགོ་ནག་ཕྱུག་དོན་དེ་རེད་ཟེར་གི།

ཆང་བྱུང་སྲོལ་བཤད་ན་དེ་འདྲ་རེད་ཟེར་རྒྱུ།

ཡ  ད་ངས་བདུད་རྩི་ཆང་འདིའི་ཆེ་བ་ལན་གསུམ་བརྗོད་ན།

འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན།།

ལོ་ཆང་བདུད་རྩི་ཁམ་པ་ཡིན།།

ཟླ་ལ་བསྙལ་བའི་ཟླ་ཆང་ཡིན།།

ཟླ་ཆང་བདུད་རྩི་བསིལ་མ་ཡིན།།

ཞག་ལ་བསྙལ་བའི་ཞག་ཆང་ཡིན།།

ཞག་ཆང་བདུད་རྩི་འཁྱིལ་བ་ཡིན།།

ད་ནངས་ཐོ་རེངས་སྐར་ཆང་ཡིན།།

དེ་རིང་ཉིན་ཆང་དྲོན་པོ་ཡིན།།

གངས་ཅན་ཡུལ་གྱི་ནས་བཅུད་ཡིན།།

འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན།།

གེ་སར་རྒྱལ་བོའི་གསོལ་ཆང་ཡིན།།

སྔགས་པ་རྣམས་ཀྱི་བུམ་ཆང་ཡིན།།

ཚོགས་འདོན་རྣམས་ཀྱི་ཚོགས་ཆང་ཡིན།།

མཁས་པ་རྣམས་ཀྱི་གཏམ་ཆང་ཡིན།།

གཉེན་ཉེ་རྣམས་ཀྱི་སྟོན་ཆང་ཡིན།།

བུ་དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན།།

གཞོན་ནུ་རྣམས་ཀྱིས་རྩེད་ཆང་ཡིན།།

ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན།།

མགྲོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན།།

མགྲོན་ཕར་འགྲོ་རྣམས་ཀྱི་རྫོངས་བ་ཡིན།།

གྲོགས་བློ་མཐུན་བསྒྲིག་པའི་བར་བ་ཡིན།།

གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན།།

གླུ་རྩེད་རིགས་གཉིས་ཀྱི་སྒོ་འབྱེད་ཡིན།།

སྨན་ནད་དུག་འཇོམས་པའི་གཉན་པོ་ཡིན།།

ཐག་ཉེ་རིང་མེད་པར་གྲོགས་པོ་ཡིན།།

སྐྱིད་མི་ལ་རེ་བའི་རྔན་པ་ཡིན།།

གཉེན་ཉེ་བོ་བསྒྲིག་པའི་ཉེ་རྟགས་ཡིན།།

སྨན་བཟང་བོ་སྡེབ་པའི་གྲུབ་ཆ་ཡིན།།

སྐྱིད་གནམ་ལོ་གསར་བའི་ཟས་མཆོག་ཡིན།།

དགོས་རྟགས་ཀ་སྟོན་མོའི་རྒྱན་ཆ་ཡིན།།

དེ་རིང་མགྲོན་པོའི་གསོལ་ཆང་ཡིན་ཟེར་རྒྱུ།།

ཡ--ད་ངས་ཆང་འདིའི་བཟང་བ་རྣམས་གསུམ་རེ་བཤད་ན།

སྔོན་མོ་བདུད་རྩི་བསིལ་མ་འདི།།

བློ་རིག་པ་གཉིས་ཀྱི་ལྡེ་མིག་ཡིན།

འཇིག་རྟེན་ཡུལ་གྱི་སྒོ་མོ་ཡིན།།

གླུ་དང་གར་གྱི་རྒྱ་མཚོ་ཡིན།།

སོས་དལ་དུས་འཐུང་ན་འདུག་རོགས་ཡིན།།

སོས་བྲེལ་དུས་འཐུང་ན་འགྲོ་རོགས་ཡིན།།

བྲག་དམར་བོ་འགོས་དུས་ཐག་པ་ཡིན།།

ཆུ་གཙང་བོ་བརྒལ་དུས་ཟམ་པ་ཡིན།།

ས་ཆ་མེད་འགྲོ་དུས་འགྲོ་རོགས་ཡིན།།

མི་ཁེར་འགྲོ་བྱེད་དུས་བཤད་གྲོགས་ཡིན།།

དགྲ་བཙན་པོ་འཕྲད་ན་དཔུང་རོགས་ཡིན།།

སྟེང་ལྷ་ནས་མཆོད་ན་མགོན་སྐྱོབ་གནང་ང་།།

འོག་ཀླུ་ལ་མཆོད་ན་ཕྭ་གཡང་སྟེར་ར།།

ཕྱིའི་མགྲོན་པོར་དྲངས་ན་འགྲུལ་ངོ་ལོན་ན།།

ནང་ཕ་ཁུར་དྲངས་ན་ཐུགས་དགོངས་དགྱེས་ཡ།

མ་བུ་མོས་འཐུང་ན་ཟས་ལྷ་འཁོར་ར།།

གཏམ་བཤད་དུས་འཐུང་ན་ཁ་ལྕེ་བདེ་བ།།

གླུ་ལེན་དུས་འཐུང་ན་སྐད་ངག་བདེ་བ།།

སེམས་སྐྱིད་དུས་འཐུང་ན་ངལ་བ་སངས་བ།།

བློ་དུབ་དུས་འཐུང་ན་རིག་པ་རྒྱས་བ།།

ལུས་གྲང་དུས་འཐུང་ན་དྲོད་ཤ་སྟེར་ར། །

དགུང་ཉལ་ཁ་འཐུང་ན་གཉིད་ཁུག་ག །

ལམ་རིང་བོར་བརྒྱུད་དུས་འགྲོ་རོགས་ཉན་ན།།

རང་གཅིག་པུ་ཡིན་དུས་འདུག་རོགས་ཉན་ན།།

གྲོགས་བཟང་བོར་ཐུགས་དུས་ལབ་རོགས་ཉན་ན་ཟེར་རྒྱུ།།


རྩོམ་ཡིག་སྔོན་མ།
༄༅།།ནཱ་ལེནྡྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1