༄༅།། བོད་ཀྱི་ས་དབྱིབས་སྲིན་མོ་གན་རྒྱལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 06-08


དུས་རབས་བདུན་པའི་དུས་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་བཅས་ཕ་བོང་ཁར་ཞག་བདུན་དུ་བསྙེན་སྒྲུབ་མཛད། རིགས་གསུམ་མགོན་པོ་དངོས་སུ་བྱོན་ཏེ་ས་གཞི་དངོས་སུ་བྱིན་གྱིས་བརླབས་སོ། །དེ་རྗེས་ས་དགྲའི་གནོད་ཉེས་པ་འཇོམས་པའི་ཆེད་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང་མཚམས་གནོན་ལྷ་ཁང་བཅས་བཞེངས་ཡོད་ཀྱང་སྐབས་འདིར་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་གཙོ་བོར་བཤད་པར་བྱ་སྟེ། རུ་བཞིའི་ལྷ་ཁང་བཞི་ནི། སྲིན་མོའི་དཔུང་མགོ་གཡོན་གནོན་པའི་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་ནི་ལྷོ་ཁ་ས་ཁུལ། དཔུང་མགོ་གཡས་གནོན་ཆེད་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་ནི་མལ་གྲོ་གུང་དཀར་རྫོང་ཁོངས། དཔྱི་མགོ་གཡོན་གནོན་པའི་གྲོམ་པ་རྒྱང་སྒྲིབ་མེད་ཀྱི་གཙུག་ལག་ཁང་ནི་ལྷ་རྩེ་རྫོང་ཁོངས། དཔྱི་མགོ་གཡས་གནོན་པའི་གཡས་རུ་གཙང་འགྲམ་གྱི་གཙུག་ལག་ཁང་རྣམ་གླིང་རྫོང་ཁོངས་སུ་ཡོད་དོ། །

 

\

   མཐའ་འདུལ་གྱི་ལྷ་ཁང་བཞི་ནི། སྲིན་མོའི་གྲུ་མོ་གཡས་གནོན་པའི་ཀོང་པོ་བུ་ཆུ་ལྷ་ཁང་ནི་ཉིང་ཁྲི་ས་ཁུལ་ཁོངས། གྲུ་མོ་གཡོན་གནོན་པའི་ལྷོ་བྲག་ཁོ་མཐིང་ལྷ་ཁང་ནི་ལྷོ་བྲག་རྫོང་ཁོངས། པུས་མོ་གཡོན་གནོན་པའི་ཆེད་དུ་བྱང་པྲ་དུམ་རྩེའི་ལྷ་ཁང་ནི་འབྲོང་པ་རྫོང་ཁོངས། པུས་མོ་གཡས་གནོན་པའི་ཀ་བྲག་ནི་ས་ཆ་མི་གསལ། ཡང་འདུལ་གྱི་ལྷ་ཁང་བཞི་ནི་སྲིན་མོའི་ལག་གཡོན་མ་གནོན་ཆེད་ཀློང་ཐང་སྒྲོལ་མ་ལྷ་ཁང་ནི་སྡེ་དགེ་རྫོང་ཁོངས། ལག་མཐིལ་གཡོན་གནོན་ཆེད་མོན་སྐྱེར་ཆུ་ལྷ་ཁང་ནི་འབྲུག་རྒྱལ་ཁབ་ཁོངས། སྲིན་མོའི་རྐང་མཐིལ་གཡོན་གནོན་པ་ལ་ཚངས་པ་རླུང་གནོན་ལྷ་ཁང་ནི་བལ་ཡུལ། སྲིན་མོའི་རྐང་པ་གཡོན་གནོན་ཆེད་མང་ཡུལ་བྱམས་སྤྲིན་དགེ་གནས་བཅས་སོ། །

  གསལ་བཤད། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་གི་མིང་དང་བརྒྱབ་སའི་ས་ཆ་སོགས་དཔེ་དེབ་མང་པོར་བཤད་ཚུལ་མི་འདྲ་བ་མང་པོ་འདུག་ཀྱང་སྐབས་འདིར་བཀའ་ཆེམས་ཀ་འཁོལ་མ་གཞིར་བཞག་ནས་བྲིས་པའི་སྲིན་མོ་གལ་རྒྱལ་གྱི་དཔེ་རིས་རྙིང་པ་ཞིག་ལ་ཁུངས་བཏུགས་ཀྱང་ས་མིང་སོགས་གང་ཅིའི་ཐད་ལ་ཡང་བསྐྱར་བརྟག་དགོས་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1