ཀླུ་ཤོད་ཁྱུང་རི་ཐང་དགོན་བཤད་སྒྲུབ་བསྟན་དར་གླིང་ཞེས་པ་ད་ལྟ་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་ཀླུ་ཤོད་ཤང་གི་ཁོངས་སུ་ཆགས། ཀླུ་ཤོད་དགོན་པ་འདི་སྔོན་གྱི་དགོན་རྙིང་ངམ་རི་ཁྲོད་བཞི་མཉམ་དུ་བསྲེས་ནས་གསར་དུ་བཏབ་པ་ཞིག་ཡིན་ཏེ། དང་ཐོག་གི་མུ་ཏོ་དགོན་བཀྲ་ཤིས་བསམ་གཏན་གླིང་ནི་གནའ་དགོན་ཞིག་ཡིན། འདོན་ཆ་ཀྱེེ་རྡོར་སྒྲུབ་མཆོད་དང་བདེ་མཆོག་ལུ་ཧི་བའི་བདག་འཇུག་གསང་འདུས་བདག་འཇུག་ཀུན་རིག་བདག་འཇུག་ས་ཆོག་བཅས་དང་མགོན་པོ་གུར་ཆོས་སྐྱོང་དུ་བཀུར། མགོ་བ་གླང་གྱའི་མུ་ཏོ་སོགས་ནང་ཁག་བཞི་ཡོད་པའི་བླ་མ་དམ་པ་བྱོན། གཉིས་པ་བཀྲ་ཤིས་གཡུ་ལུང་འཁྱིལ་པ་ཞེས་པ་ཁྲི་ཆེན་ངྷྭ་ཛའི་ཞལ་སྔ་ནས་འབྲོག་ཏིས་བླ་མ་དགེ་འདུན་རྒྱ་མཚོ་ལ་འདེབས་བཅུག དེས་སྒོ་མང་མཁན་སྤྲུལ་བློ་བཟང་དཀོན་མཆོག་ཆོས་དར་ལ་ཕུལ་བས་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ཏེ་འཇིགས་བྱེད་སྒྲུབ་མཆོད་བཙུགས་ཤིང་སྒོ་མང་ཚུལ་ཁྲིམས་རྒྱ་མཚོས་འདུ་ཁང་གསར་སྐྲུན་མཛད་པ་དང་ཐུགས་རྗེ་ཆེན་པོའི་བདག་འཇུག་དང་འཁོར་ཆེན་བདག་འཇུག་བཙུགས། གསུམ་པ་རྔ་རྒོད་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ(སྤྱི་ལོ1781)ལོར་རྔ་རྒོད་སྐུ་ཕྲེང་གསུམ་པ་ནམ་མཁའ་སེངྒེས་བཏབ་ཅིང་རྟེན་གཙོར་རྗེ་ཉིད་ཀྱིས་ཕྱག་བཟོས་ཐུགས་རུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སྐུ་སྟོད་རང་བྱོན་ཅན། བཟོ་བོ་བི་ཤ་ཀརྨས་བཞེངས་པའི་རྗེ་སྐུ་བྱིན་ཅན། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། ནམ་སེང་ཉིད་ཀྱིས་ས་ཐེབ་རེ་དང་སྔགས་ཚར་རེ་བཟླས་ནས་མགོན་པོ་བྱིན་ཅན་བཞེངས་པ་སོགས་བཞུགས། འདོན་ཆ་འཇིགས་བྱེད་བདག་འཇུག་ས་ཆོག་བཅས་དང་། གསང་འདུས། བདེ་མཆོག་ལུ་ཨི་བའི་བདག་འཇུག་ཕྱག་མཆོད། ཀུན་རིག་བདག་འཇུག་ས་ཆོག་བཅས་ཡོད། བཞི་བ་པདྨའི་སྟེང་གི་དགོན་ཆུང་ནི་སྐྱིད་ཐང་མ་ཎི་བ་བློ་བཟང་བསྟན་འཛིན་གྱིས་བཏབ། འདོན་ཆའི་རིམ་པ་ལ་འཇིགས་བྱེད་བདག་འཇུག གསང་འདུས་དང་རིག་བདག་འཇུག་ས་ཆོག ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བདག་འཇུག་བཅས་ཚུགས། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར(སྤྱི་ལོ1943)ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་གོང་གསལ་མུ་ཏོ་དགོན་དང་བཀྲ་ཤིས་གཡུ་ལུང་། རྔ་རྒོད་སྒང་། པདྨའི་སྟེང་བཞི་བོ་ཕྱོགས་གཅིག་ཏུ་ཁྱུང་རི་ཐང་དུ་བསྡུས་པ་དང་། དམེ་ཤུལ་མུ་ཏོ་བསྐལ་བཟང་སྦྱིན་པ་རྒྱ་མཚོར་དགོན་པ་འཛིན་བདག་བྱེད་པའི་བཀའ་བསྩལ། འདི་ཉིད་ཀྱིས་གསར་དུ་གནས་མཆོག་དེར་བཏབ་ཅིང་ཁོང་དགུང་ལོ་རེ་གསུམ་པ་ཤིང་སྤྲེལ(སྤྱི་ལོ1944)ལོར་རྒྱུ་ཡོན་ཕུལ་ནས་འདུ་ཁང་ཀ་བ་བརྒྱ་དང་ཉི་ཤུ་ཅན་གྱི་རྒྱ་ཁྱོན་ཡོད་པ་ཞིག་གསར་དུ་བཞེངས། བཀྲ་ཤིས་ནང་གི་འདུ་ཁང་དྲངས་ནས་འཁོར་ཆེན་ལྷ་ཁང་བཞེངས་པ་དང་མུ་ཏོའི་འདུ་ཁང་དྲངས་ནས་རྡོ་རྗེ་ལེགས་པའི་བཙན་ཁང་བཞེངས། དེ་ནས་རྗེ་ཉིད་ཀྱིས་གྲྭ་བ་བུ་སློབ་རྣམས་ལ་བདེ་གསང་འཇིགས་གསུམ་དང་ཀུན་རིག་རྟ་ཕྱུག་ཁྱུང་གསུམ་སོགས་ཡི་དམ་རྒྱུད་བདེ་དུ་མའི་དབང་ལུང་ལེགས་པར་བསྩལ། ཀུན་མཁྱེན་ལྔ་བ་དང་མུ་ཏོ་བསྐལ་བཟང་སྦྱིན་པ་རྒྱ་མཚོ་གཉིས་ཀྱིས་ཐུགས་སྨོན་ལྟར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བསྟར་བ་ཡིན། རྔ་རྒོད་སྐུ་ཕྲེང་དང་པོ་ཤེས་རབ་རྒྱ་མཚོ་ནི་རྔ་རྒོད་ཀླུ་འབུམ་ཕྱུག་གི་རྒྱུད་དུ་སྐུ་འཁྲུངས། གཅེན་མེ་རྒན་དཀའ་བཅུ་རྡོ་རྗེ་རྒྱལ་མཚན་སྐུ་འབུམ་དུ་སློབ་གཉེར་མཛད། མཚོ་སྔོན་བསྟན་འཛིན་ཝང་གིས་བླ་མར་བཀུར། གཅུང་དཀའ་བཅུ་ཤེས་རབ་རྒྱ་མཚོ་འདི་ཉིད་འབྲས་སྤུངས་སྒོ་མང་གི་ཆོས་གྲྭ་ཞུགས་གཤིས་གླིང་བསྲེ་བཀའ་བཅུ་ཐོབ། རྒྱལ་དབང་ལྔ་བ(སྤྱི་ལོ1617-1682)ཆེན་པོ་ནས་ལོ་ཙཱ་བར་བསྐོས་ཏེ་མེ་རྒན་ཆོ་ལོ་གནང་། སྐུ་འཕྲེང་གཉིས་པ་རྔ་རྒོད་ནས་འཁྲུངས་ཀྱང་ནར་མ་སོན་པར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་ནམ་མཁའ་སེང་གེ་མཆོག་གསེར་བོ་མདོའི་རྔོག་རིགས་སུ་འཁྲུངས། མཁས་བཙུན་བཟང་གསུམ་འཛོམས་པས་གསུང་རྩོམ་པོཏ་གསུམ་བཞུགས། སྐུ་ཕྲེང་བཞི་བ་བློ་བཟང་བྱམས་པ་རབ་རྒྱས་ཀྱང་མཁས་པ་ཁྱད་པར་བ་བྱོན་པས་གསུང་རྩོམ་པོ་ཏི་གཉིས་བཞུགས། སྐུ་ཕྲེང་ལྔ་བར་འཇམ་དབྱངས་བསམ་འགྲུབ་བཀྲ་ཤིས་ཟེར། སྐུ་ཕྲེང་དྲུག་པར་བསྐལ་བཟང་བསྟན་པ་རྒྱ་མཚོའང་མཁས་ཆེན་གྱུར་སྟབས་གསུང་རྩོམ་པོད་གཅིག་བཞུགས། གཞན་ཡང་རྗེ་བློ་བཟང་ཆོས་དར་སྒོ་མང་མཁན་པོར་བཞུགས། གཞུང་བཀའ་པོཏ་ལྔ་ལ་མཁས་པར་གྲགས། དམེ་ཤུལ་མུ་ཏོ་བསྐལ་བཟང་སྦྱིན་པ་རྒྱ་མཚོ་དབང་ལུང་རྗེས་གསུམ་གྱི་འབྱུང་གནས་གྱུར་ཟེར། དགོན་པར་འདུ་ཁང་དང་འཁོར་ཆེན་ཁང་། མ་ཎི་ཁང་། གཞུང་ཁང་ཚོམས་ཆེན། དམ་ཅན་ལྷ་ཁང་སོགས་ཡིད་པ་དང་ནང་ཆེན་ལ་དམེ་ཤུལ་མུ་ཏོ་ཚང་དང་སྒོ་མང་ཚང་། རྔ་རྒོད་ཚང་། གླང་གྱའི་མུ་ཏོ་ཚང་། སྐྱིད་ཐང་ཚང་། སུག་ཐུང་ཚང་བཅས་དྲུག་ཡོད། སྤྱི་ལོ1958ལོའི་སྔོན་དུ་དགོན་པའི་སྐུ་གསུང་ཐུགས་རྟེན་ལ་སོགས་ནི། གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་ཙནྡན་ཇོ་བོ་གཉིས་ཚེ་དཔག་མེད་ཁྲུ་བདུན་རེ་ཅན། ཐུབ་ དབང་གཙོ་འཁོར་གསུམ་པ། གསང་འདུས། ཀུན་རིག ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྣམ་རྒྱལ་མ། སྒྲོལ་དཀར་ལྗང་། གནས་བརྟན་བཅུ་དྲུག འདོད་ལྷ་བདུན་ཅུ་དོན་བརྒྱད་སོགས་ལི་མ་བརྒྱ་དང་དྲུག་ཅུ་ལྷག་དང་། འཇིགས་བྱེད་བློས་བསླངས་གསེར་བཞེངས། སྨན་འདམ་ལས་གྲུབ་པའི་རྗེ་གཙོ་འཁོར་གསུམ་པ། བྱམས་པ། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཆོས་རྒྱལ། བྱམས་པ། མགོན་པོ་སོགས་ཁྲུ་ཚད་མཐོན་པོ་དག་དང་། སེང་གེ་སྒ་ཤིང་ལས་གྲུབ་པ་ཁྲུ་བཅོ་བརྒྱད་ཅན། འཁོར་ཆེན་ཁང་དུ་གསེར་ཟང་ལས་གྲུབ་པའི་ཕྱག་རྡོར་འཁོར་ཆེན་ཁྲུ་བདུན་ཅན་དང་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཁྲུ་དྲུག་ཅན། ཤིང་བཞེངས་འཇམ་དབྱངས་དམར་སེར། རྡོ་རྗེ་སེམས་དཔའ། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། མཆོད་རྟེན་ཁྲུ་བདུན་རེ་ཅན་གསུམ། ཕྱག་རྡོར་བློས་བསླངས་ཁྲུ་བརྒྱད་ཅན་སོགས་དང་། གྱན་ཐང་དང་ཐང་གསུམ་བརྒྱ་ལྷག གསུང་རྟེན་ལ་ཅོ་ནེའི་བཀའ་འགྱུར་ཚར་གསུམ་དང་ཅོ་ནེའི་བསྟན་འགྱུར་ཚར་གཅིག གཞན་གསུང་འབུམ་སྟོང་ལྷག་བཅས་བཞུགས། པར་ཤིང་གི་ཐད་དུ་རྔ་རྒོད་དམ་སེང་གསུང་འབུམ་དང་རྔ་རྒོད་བྱམས་རབ་གསུང་འབུམ། ཨ་ཁྱུང་ངག་མཁྱེན་གསུང་འབུམ། བདེ་གསང་འཇིགས་གསུམ། ཀུན་རིག་ཆོ་ག་ཀླུ་ཆོག སྨན་བླ་རིང་ཐུང་། སྨོན་ལམ་ཡོངས་རྫོགས། ཆོས་སྤྱོད་ཆ་ཚང་། གཅོད་པ། ཚེ་མདོ། རྡོར་སྡེར། གཟུངས་སྣ་ཚོགས་བཅས་དང་། སྐུ་པར་ལ་རྗེ་གཟིགས་པ་ལྔ་ལྡན། གདུགས་དཀར། སྲུང་འཁོར་སྣ་ཚོགས། སྒོ་མང་མཁན་པོའི་འདྲ་སྐུ། འདོད་ལྷ་སྣ་ཚོགས་བཅས་ཤིན་ཏུ་མང་། ཐུགས་རྟེན་མཆོད་རྫས་ལ་གསེར་ཏོག་དང་རྒྱལ་མཚན། རི་དྭགས། ཆོས་འཁོར། སྤན་རྒྱན། འཁར་རྔ། དུང་ཆེན། ཙི་ཏོག དུང་དཀར། རྐང་གླིང་། སྦུབ། ཙན། རྡོར་དྲིལ། སྤོས་ཕོར། མཎྜལ། ཚོགས་བུམ། ལས་བུམ། ཁྲུས་སྡེར། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། དངུལ་ཀོང་། དངུལ་ཐེབ། ལི་ཐེབ། རག་ཐེབ། རག་ཀོང་། སྤྱི་བླུག བྱམས་བུམ། འཁར་གསིལ། གདུགས། ཀ་འཕན། ཀ་ཐུམ། ནོར་ཆབ། ཆོས་འཇུག རིགས་ལྔ། ཞྭ་མོ། ལྡ་ལྡི། སྣམ་སྦྱར། ཆོས་གོས། མཐོང་འཁོར། སྦྲ་ཡོལ། ཇ་པྲ་ཐུག་པྲ། རས་གུར། ཚོགས་ཟངས་ཆུ་ཟོ་ཉེར་ལྔ་ཅན། ལག་རྔ། མཆོད་རྔ། ལྷུང་བཟེད་ལ་སོགས་གྱ་ནོམ་པ་བསྒྲིགས། དགོན་པར་ཆོས་ཐོག་ཤིན་ཏུ་མང་ཡང་འདིར་མདོར་བསྡུས་ན། ཟླ་གཅིག་པར་སྨོན་ལམ་ཆེན་མོ་བཀྲ་ཤིས་འཁྱིལ་ལྟར། གཉིས་པར་དཔྱིད་ཆོས་ཡར་ཚོགས། གསང་འདུས་བདག་འཇུག ལྷུང་བཟེད་མཆོད་པ། མགོན་ཆོས། གདུང་མཆོད། བདེ་མཆོག་ཆོག་སྐྱངས། འཇིགས་བྱེད་བདག་འཇུག གཏོར་ཆེན། ཆོས་མཚམས་སྨོན་ལམ། གསུམ་པར་བདེ་མཆོག་ས་ཆོག དཔྱིད་ཆོས་ཡར་ཚོགས། བདེ་མཆོག་བདག་འཇུག ཆོས་མཚམས་སྨོན་ལམ། བཞི་བར་སྨྱུང་གནས། གསང་འདུས་ས་ཆོག གསང་འདུས་བདག་འཇུག ཆོས་མཚམས་སྨོན་ལམ། དབྱར་གནས་ཉི་མ་ཞེ་ལྔ། བརྒྱད་པར་སྟོན་ཆོས་ཡར་ཚོགས། འཇིག་རྟེན་དབང་ཕྱུག་རིལ་སྒྲུབ། མགོན་པོ་ཞི་རྒྱས་སྦྱིན་སྲེག ལྷུང་བཟེད་མཆོད་པ། ཡར་ངོའི་གསང་འདུས། བདེ་མཆོག་ཆོག་སྐྱངས། འཇིགས་བྱེད་བདག་འཇུག མར་ངོའི་མགོན་ཆོས། གཏོར་ཆེན། དགུ་བར་ཆོས་མཚམས་སྨོན་ལམ། འཇིགས་བྱེད་ས་ཆོགས་དཀར་ཆོས་ཐོག འཇིགས་བྱེད་བདག་འཇུག་ཀླུ་ཆོག་བཅས། སྨྱུང་གནས། བཅུ་བར་ལྔ་མཆོད་ཡར་ཚོགས། མཆོད་ཆེན་མོ། བཅུ་གཅིག་པར་ཆོས་མཚམས་སྨོན་ལམ། གཏོར་རྒྱག ཉི་ལྡོག་ཆོ་ག དགུན་ཆོས་ཆེན་མོ། ཡར་ངོའི་གསང་འདུས། གསང་འདུས་ཆོག་སྐྱངས། བདེ་མཆོག་ཆོག་སྐྱངས། འཇིགས་བྱེད་བདག་འཇུག མར་ངོའི་མགོན་ཆོས། གཏོར་འབྲིང་། བཅུ་གཉིས་པར་ཡར་ངོའི་གསང་འདུས། ཆོས་མཚམས་སྨོན་ལམ། གཏོར་སྒྲུབ་བཅས་ལོ་ཧྲིལ་བོར་ཉིན་བརྒྱ་ལྔ་བཅུ་ལྷག་ལོངས། ལྔ་མཆོད་དང་སྨོན་ལམ་ཚོགས་ཆེན་དང་ཆོས་ཐོག་གཞན་པ་སྨད་རྒྱད་ལྟར། ཞོགས་པར་དུས་རྒྱུན་ཁྲི་ཆེན་གྱིས་གོང་བར་ཞོལ་གསུམ་ལ་རྩི་བཞག་འཆད་པ་དང་གུང་ཚིགས་སུ་དབྱར་དུས་འགྲེལ་བ་བཞི་སྦྲགས་ཁྲིད། དགུན་ལ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་གནང་། སྐུ་རིམ་ལ་གསང་འདུས་རྩ་རྒྱུད་དང་བདེ་མཆོག་རྩ་རྒྱུད་
དང་བདེ་མཆོག་རྩ་རྒྱུད་གཞི་བྱེད། ལས་སྣེ་ལ་ཁྲི་བ་དང་བླ་མ་དབུ་མཛད། དགེ་བསྐོས། བྱང་འདྲེན་ཆེ་ཆུང་སོགས་ཡོད། ཞར་དུ་དགེ་འདུན་རང་མོས་ཀྱིས་རིག་གནས་དང་། སྨན་རྩིས། གཞུང་ཆེན་གང་ཡོད་སློབ་པར་བྱ། སྐབས་དེར་དགོན་དུ་གྲྭ་གྲངས་བརྒྱ་དང་དྲུག་ཅུ་བཞུགས་ཡོད་པ་འདྲ༎