༄༅།། ཡིད་ཀྱི་ཟུག་གཟེར་ལས་བྱུང་བའི་བགྲོ་གླེང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



སྙན་ངག་འདིའི་རྩོམ་པ་པོ་ནི་བོད་ཀྱི་སྙན་ངག་པ་འཇུ་སྐལ་བཟང་ལགས་ཏེ།ཁོང་ནི་སྤྱི་ལོ1960ལོར་མཚོ་སྔོན་མགོ་ལོག་ཏུ་སྐྱེས་ཤིང་།སྔ་ཕྱིར་རང་ཡུལ་མགོ་ལོག་དང་གནའ་མཁར་ཟི་ལིང་།རྒྱལ་ས་པེ་ཅིན་བཅས་སུ་སློབ་གྲྭ་འགྲིམས།1987ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཀྱི་རྩོམ་རིག་གི་ཧྲོ་ཧྲིའི་ཐོབ་ཐང་བླངས་རྗེས།ཕྱིར་རང་ཡུལ་མགོ་ལོག་ཏུ་སོང་ནས་ཡིག་སྒྱུར་སོགས་རིག་གནས་ཀྱི་ལས་དོན་གཉེར་བཞིན་ཡོད།ཁོང་ནི་བོད་ཀྱི་རིག་གནས་ལ་དགའ་བ་དང་སྒོས་སུ་བོད་ཀྱི་རྩོམ་རིག་ལ་དུངས་ཏེ།ཕུལ་དུ་བྱུང་བའི་སྙན་ངག་གི་བརྩམས་ཆོས་མང་བོ་བརྩམས་ཤིང་།རྒྱ་ཆེའི་ཀློག་པ་པོས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།
 ཁོང་གིས་བརྩམས་པའི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་གང་ཡིན་རུང་མཚོན་ཐབས་ཕུན་སུམ་ཚོགས་ཤིང་ཚིག་སྦྱོར་བརྗིད་ཅིང་བརླིང་བ།ཡིད་འགྱུ་ཤུགས་དྲག་ལ་སྐྱིད་སྡུག་གི་འཚོ་བ་དངོལ་ལ་གཞོལ་ཆེ་བ་སོགས་ཁྱད་ཆོས་མང་དུ་ལྡན།2001ལོར་བསྒྲིགས་པའི་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་དེབ་གསུམ་པའི་ནང་བདམས་པའི་འཇུ་སྐལ་བཟང་གི་སྙན་རྩོམ<<ནེ་ལེར་བགྲོ་བའི་གཏམ>>ཞེས་པ་དེ་ནི་ཁོང་གིས་མཚོ་སྔོན་མི་རིགས་སློབ་གླིང་གི་ཞིབ་འཇུག་འཛིན་གྲྭར་སློབ་གཉེར་བྱེད་དུས་བརྩམས་ཏེ།གཤམ་ནས་སྙན་ངག་དེ་ཁག་གསུམ་དུ་དབྱེ་ནས་ཅུང་ཟད་དཔྱད་པར་བྱའོ།།
ཁག་དང་པོ(ཐལ་དཀར་མཆེ་བ་ཞེས་པ་ནས་བགྲོ་གླེང་ཞིག་བྱའོ་ཞེས་པའི་བར)ཡི་ནང་དུ་དངོས་པོ་ངེས་བསྟན་དང་རྩོམ་པར་དམ་བཅའ་ཡིན་ལ།དེ་ཡང་ཐོག་མར་རྩེ་མོར་སྤྲིན་དཀར་ལང་ལོང་ལྡིང་བའི་གངས་རི་དང་ངོས་སུ་མེ་ཏོག་ལྷག་ལྷག་རྒོད་པའི་སྤང་ཐང་།སྒོས་སུ་ཉམས་སྣང་ལ་མཛེས་སྡུག་ཡིད་དབང་འཕྲོག་པར་བྱེད་པའི་ན་དང་སྤང་གི་བར་མཚམས་ཞེས་གངས་ཅན་བོད་ཀྱི་མཛེས་སྡུག་གི་ཁོར་ཡུག་ངོ་སྤྲོད་བགྱིས་པ་དང་།བར་དུ་དེ་ལྟའི་རང་བྱུང་ཁོར་ཡུག་གི་ཁྲོད་དུ་འཚོ་གནས་བྱས་པའི་འདབ་ཆགས་ནེ་ལེ་སྟེ་འཕུར་རྩལ་ཞན་ཞིང་།ཨ་བྲའི་ཁུང་སྒོར་བསྒུགས་ནས་ཡུན་རིང་སྡོད་ལ།ནམ་ཞིག་ཨ་བྲ་ཕྱིར་ཐོན་མ་ཐག་སྦར་འཛིན་བྱས་ཏེ་གཟན་དུ་བྱེད་པའི་བྱ་དེའི་རིགས་བྲིས་ཡོད།བྱ་དེའི་འཚོ་བ་རོལ་སྟངས་སྣ་གཅིག་སྟབས་བདེ་ཡིན་ལ།བདེ་བ་ཆུང་ངུ་འབའ་ཞིག་ལ་ཆགས་ཏེ་ཉི་མ་གཏོང་ཐབས་བྱེད་པ་ལས་ཆེན་པོའི་བདེ་བར་མི་དམིགས་པའི་རང་རིགས་ཀྱི་མི་ནུས་མེད་སྐོར་ཞིག་མཚོན་བཞིན་ཡོད།ཐ་མར་མནོག་ཆུང་ཨབ་ཤར་དམིགས་པའི་བསམ་གཏན་དེ་ཐོངས་དང་།འུ་ཅག་རང་ལ་ཕན་པའི་བགྲོ་གླེང་ཞིག་བྱའོ་ཞེས་དངོས་པོ་སྟེ་བརྗོད་བྱ་ངེས་པར་བསྟན་པ་དང་ལྷན་ཅིག་སྙན་ངག་རྩོམ་པར་དམ་བཅས་པ་རེད།ཁག་འདིར་ཐལ་དཀར་མཆེ་བ་དང་སྟོད་གཡོགས།སྤུ་ལོང་།སྐྲ་ལོ།ནེ་ལེ།ཨབ་ཤ་བཅས་མཚོན་བྱེད་ཀྱི་དཔེ་དང་།བསླངས་དང་སྒྱུར་བ།གཡོ་བ།ལྡེམ་པ།དམིགས་པ།བྱའོ་སོགས་ལས་ཚིག་བཀོལ་ཏེ་དངོས་པོ་ངེས་བསྟན་དང་རྩོམ་པར་དམ་བཅའ་བ་སོགས་བརྗོད་དོན་གྱི་གནད་ཕྱུང་བ་དང་ཚིག་དོན་ལ་གསོན་ཉམས་དང་མཚོན་སྟོབས་ཀྱི་དཔལ་སྦྱིན་ཡོད།
ཁག་གཉིས་པ(རང་ཞེན་བག་ཆགས་ཞེས་པ་ནས་ལྷག་མེད་དུ་སྤྲུགས་ཤོག་ཅེས་པའི་བར)ནི་ཤོ་ལོ་ཀ་བཅུ་བདུན་གྱིས་གྲུབ་ཡོད་པ་སྙན་ངག་དེའི་གྲུབ་ཆ་གཙོ་བོ་རེད།དེའི་ནང་དུ་སྙན་ངག་པའི་བློ་གྲོས་ཀྱི་རྩལ་དང་ཡིད་ཀྱི་ཟུག་གཟེར་ལས་ཐོན་པའི་ངོ་མཚར་ཞིང་གནད་ལ་ཕོག་པའི་དྲི་བ་མང་བོར་བརྟེན་ནས་འདབ་ཆགས་ནེ་ལེ་དང་འདྲ་བའི་ཉམ་ཐག་པའི་མི་རྣམས་ལ་སྙིང་ཐག་པ་ནས་བགྲོ་གླེང་མང་དུ་བྱས་ཡོད།དེ་ཡང་དོན་གྱི་རིམ་པ་ལྟར་རེ་རེ་བཞིན་དཔྱད་ན་གཤམ་གསལ་ལྟར་རོ།།
རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་གི་བུམ་ཆུར་ཞེས་སོགས་ཤོ་ལོ་ཀ་བཞི་ཡིས་རིམ་བཞིན་གདམས་ངག་ཏུ་གྲགས་པའི་གཏམ་ལ་བླང་དོར་དཔྱད་འཇོག་མ་བྱས་པའི་ཉེས་དམིགས་དང་ཡང་དག་མིན་པའི་ལྟ་བ་ཇི་ལྟར་ལག་ཏུ་བསྟར་ཀྱང་ཡ་ང་བའི་འབྲས་བུ་ལས་ཅི་ཡང་མེད་པའི་ཚུལ་དང་ཁྱིམ་པ་མཚན་ཉིད་པ་མིན་ལ་བཙུན་པ་མཚན་ཉིད་པ་ཡང་མིན་པའི་ཕུང་བོ་གསུམ་པར་གྱུར་པའི་མི་རྣམས་སོས་དལ་བག་ཕབ་ཀྱིས་གནསཔའི་ཚུལ་ལ་དགག་པ་དང་།བརྗོད་རིན་མི་འདུག་པའི་ཨ་བྲའི་ཤ་གཟུག་ཆུང་ངུའི་ཁ་ཟས་ཀྱི་བདེ་བར་དམིགས་པའི་མི་རྣམས་ནི་ང་རྒྱལ་གྱིས་ཁེངས་ཀྱང་མིས་འཕྱ་ཞིང་རང་ཡང་ནོངས་པའི་གཞི་ལས་མི་འདུག་པའི་ཚུལ་བརྗོད་དེ་ནེ་ལེ་དང་འདྲ་བའི་མི་རྣམས་ཀྱི་བླང་དོར་གྱི་ཚུལ་ལུགས་མི་ཤེས་པ་ལ་སོགས་པའི་རང་བཞིན་རྗེས་པར་བསྟན་འདུག
དྲི་བཞོན་གྲོགས་སུ་རྩེན་པ་ཐང་དཀར་གྱི་རྒོད་པོ་ཞེས་སོགས་ཤོ་ལོ་ཀ་བཞི་ཡིས་རིམ་བཞིན་བཙན་པོ་ཐང་དཀར་རྒོད་པོས་རང་དགར་བརྙས་བཅོས་བྱས་ཚེ་རང་ཉིད་ཀྱང་འདབ་ཆགས་ཡིན་པའི་འདུ་ཤེས་ཤིག་མེད་དམ་ཞེས་དང་།དགྲ་བོས་འབྱོར་བ་ལ་དམིགས་ནས་སྲོག་ལ་རྒོལ་བའི་ཚེ་རབ་ཏུ་རྒྱས་པའི་གཤོག་རྩལ་ཞིག་ཡོད་ན་ཨེ་འདོད་ཅེས་དང་།བྱ་ཆེ་ཆུང་ཐམས་ཅད་ཀྱིས་ཤ་གསར་བར་ལོངས་སྤྱོད་པའི་ཚེ་རང་ཉིད་ཀྱིས་ཀྱང་ལོངས་སྤྱད་ན་སྙམ་པའི་སྲེད་ལེན་ཞིག་མེད་དམ་ཞེས་དང་།གཞན་གྱིས་འཕྱ་སྨོད་ཇི་ལྟར་བྱས་ཀྱང་ཤེས་མེད་ཚོར་མེད་ངང་འཚོ་བ་འདི་ལ་སྐྱོ་ཨང་ཞེས་ནེ་ལེ་དང་ཐང་དཀར་རྒོད་པོ་སོགས་ཀྱི་འབྲེལ་བ་དང་གནམ་ས་ལྟ་བུའི་ཁྱད་པར་སོགས་བརྗིད་ཅིང་བརླིང་བའི་ཚིག་གིས་བརྗོད་དེ་ནེ་ལེ་ལ་ཟུར་ཟ་དང་སྐུལ་ལྕག་གནང་ཡོད།
ཀུན་འགྲོ་ལྔ་སོགས་སེམས་བྱུང་རྣམ་གཡེང་གི་བུ་ཆུང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་རིམ་བཞིན་ཀུན་འགྲོ་ལྔ་སོགས་སེམས་བྱུང་འཇུར་བཅིངས་དང་བག་འཁུམས་ལས་ཅུང་ཟད་ཡན་པར་བཏང་ན་བདེ་ཉམས་ཤིག་མེད་དམ་ཞེས་དང་།རང་ཉིད་བཅིངས་པ་ལས་གྲོལ་བར་བྱས་ཏེ་སྲིད་ཁམས་ཡངས་པོར་ལྟོས་དང་དོན་ལྡན་གཤིས་ཀྱི་རི་མོ་མཐོང་འོང་ཞེས་འཆིང་ཐག་འདོར་དགོས་ལ་རང་དབང་ལྡན་དགོས་པའི་ཚུལ་བརྗོད་ཡོད།འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས<<མི་རྟག་དྲན་པའི་གསུང་མགུར>>དུ་ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང་།མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ།གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས།ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན་ཞེས་པ་སོགས་ཤོ་ལོ་ཀ་དུ་མ་ཞིག་གསུངས་ཡོད་པའི་དོན་དང་གཅིག་ཏུ་མཐོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1