༄༅།། སྒྱུ་རྩལ་གྱི་དགྲ་བོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19


        དེང་སང་འུ་ཅག་གི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་ཟེར་དོན།ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བོད་ཀྱི་དེང་རབས་རྩོམ་རིག་གིས་གྲུབ་འབྲས་ཆེན་པོ་བླངས་ཤིང་།འཛམ་གླིང་རྩོམ་རིག་གི་རྗེས་ཀྱང་ཆོད་བཞིན་འདུག་ཅེས་རང་སྣང་སྐྱིད་པའི་འུར་སྒྲོག་གིན་ཡོད་པ་རེད།དེས་མི་ཚད་བརྩམས་ཆོས་སྐོར་ཞིག་རྒྱ་ཡིག་གམ་ཐ་ན་ཕྱི་གླིང་གི་ཡི་གེ་སྟེ་དབྱིན་ཇིའི་ཡི་གེ་དང་།ཧྥ་རན་སིའི་ཡི་གེའཇར་མན་གྱི་ཡི་གེ་སོགས་སུའང་བསྒྱུར་འདུག་ཅེས་ངོམ་སོ་ཡང་ཡང་བྱེད་ཀྱིན་མཆིས་མོད།ངས་བལྟས་ན། 《སྦྲང་ཆར》སོགས་ཀྱི་དུས་དེབ་རེ་འགའི་སྟེང་སྤེལ་བའི་བརྩམས་ཆོས་རེ་གཉིས་དང་།སྒྲུང་རིང་སྒྲུང་འབྲིང་ཁ་ཤས་ཡོད་པས་འཛམ་གླིང་རྩོམ་རིག་གི་རྗེས་ཆོད་པ་ཡིན་ན་དེ་ནི་འཛམ་གླིང་རྩོམ་རིག་གི་ཆུ་ཚད་ལ་དམའ་ཕབ་པ་ཁོ་ནར་ཟད།དྲང་མོར་བཤད་ན་།འུ་ཅག་རང་ཡུལ་རང་ལ་རྒྱུས་ཡོད(དགེ་ཆོས་ཀྱི་ཚིག)པས་དེ་འདྲའི་རྫུན་ལབ་དགོས་དོན་མི་འདུག་ཨང་།
        ད་ལྟའི་འུ་ཅག་གི་རྩོམ་རིག་གི་གནས་བབ་འདི་ལ་གཞིགས་ཚེ།འུ་ཅག་ལ་འཛམ་གླིང་རྩོམ་རིག་གི་ཆུ་ཚད་དང་མཉམ་པའི་རྩམས་ཆོས་ཤིག་འབྱུང་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་དང་མོ་གཤམ་གྱི་བུའི་དཔེ་རེད།རྒྱུ་མཚན་ཅིའི་ཕྱིར་ཞེ་ན།འུ་ཅག་གི་རྩོམ་པ་པོ་རྣམས་ལ་འགན་འཁྲིའི་འདུ་ཤེས་དང་གདུང་སེམས་ཆེན་པོ།རྒྱུ་འབྲས་བློ་མིག་སོགས་རྩོམ་མཁན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དག་ཡེ་ནས་མེད་པས་སོ།།
      འུ་ཅག་གི་མི་ཕལ་མོ་ཆེ་ཡིས་བོད་པ་ཚོ་ནི་གོམ་པ་སྤོ་ཤེས་ན་བྲོ་གར་འཁྲབ་ཤེས་ལ།སྐད་ཆ་བཤད་ཤེས་ན་གླུ་དབྱངས་ལེན་ཤེས་ཟེར།ད་ལྟ་གོང་གི་ཡོན་ཏན་འདི་གཉིས་ཀྱི་སྟེང་ལ་ད་དུང་ཤེས་པ་གཅིག་ཁ་སྣོན་བྱེད་ཆོག་སྟེ།དེ་ནི་ཀ་ཁ་འདོན་ཤེས་ན་སྙན་ངག་འབྲི་ཤེས་ཞེས་པ་དེ་རེད།དེང་གི་ཆར་སློབ་འབྲིང་སློབ་མས་སྙན་ངག་འབྲི་ལ། སློབ་ཆེན་པ་ཡིས་ཀྱང་སྙན་ངག་འབྲི།རབ་བྱུང་པ་ཡིས་སྙན་ངག་འབྲི་ལ། མཁས་པ་རྣམས་ཀྱིས་ཀྱང་སྙན་ངག་འབྲི།སྙན་ངག་ལ་མཇུག་མཁན་ཧ་ཅང་མང་ཞིང་སྙན་ངག་གི་བསྟན་པ་ཤིན་ཏུ་དར་བ་འདིས་ཅི་ཞིག་གསལ་བཤད་བྱས་ཡོད་དམ།
        འུ་ཅག་གི་རྩོམ་རིག་ལ་འཇུག་མཁན་གང་མང་ཞིག་གིས་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་དོ་ཟེར་ཞིང་།  ××རིང་ལུགས་དང་××གྲུབ་མཐའ་སོགས་ཀྱི་དར་ཆ་དགུང་ལ་ཕར་ཏེ་མི་ཚེའི་འདུན་མ་རྩོམ་རིག་ལ་བཅོལ་བ་དང་།རྩོམ་རིག་ནི་ནོར་བུ་དགོས་འདོད་དཔུང་འཇོམས་ཤིག་ཏུ་མཐོང་ནས་དེ་ལས་ཟས་དགོས་ན་ཟས་དང་གོས་དགོས་ན་གོས་སྟེར་བ་ལྟ་བུར་ངོས་འཛིན་གྱིན་འདུགརྩོམ་རིག་གི་མཛེས་སྡུག་ལ་རབ་ཏུ་དུངས་ཤིང་།སྒྱུ་རྩལ་གྱི་བསླུ་བྲིད་ལ་ཤིན་ཏུ་ཞེན་ཆགས་ཆེ་བ་འདིས་ཅི་ཞིག་གསལ་བཤད་བྱས་ཡོད་དམ།
        སྙན་ངག་འབྲི་མཁན་ཀུན་གྱི་སེམས་ཁོང་དུ་དགའ་སྐྱོ་ཆགས་སྡང་གི་ཚོར་པ་སྐྱེན་པོ་ཞིག་ཡོད་ལས་ཆེ་ནའང་།འུ་ཅག་གི་རྗེས་ལུས་ཀྱི་སྤྱི་ཚོགས་དང་ཉམ་ཐག་པའི་མི་སེར།དཀའ་སྡུག་གི་འཚོ་བ་སོགས་མཐོང་ཚེ།ད་དུང་སྙན་ངག་ཐན་ཐུན་རེ་བྲིས་ཏེ་སྡོད་པ་ནི་ངོ་ཚ་ཞིག་མ་ཡིན་ནམ།
        རྩོམ་རིག་ལ་འཇུག་མཁན་ཀུན་གྱིས་སྒྱུ་རྩལ་བྱེད་དོ་ཞེས་མཛེས་སྡུག་གི་བསླུ་བྲིད་ཅིག་ལ་ཁ་གཡར་ཆོག་ནའང་།མི་རིགས་འདིའི་དཀའ་སྡུག་དང་། བཀྲེས་སྐོམ། ནད་ཡམས།བླུན་རྨོངས་སོགས་ལ་ཁ་ཡ་མི་བྱེད་པའམ་གདུང་སེམས་མ་སྐྱེས་ན།དེ་ནི་དངོས་ཡོད་ལ་གཡོལ་བ་དང་འགན་འཁྲི་ལ་གཟུར་བའི་རྣམ་འགྱུར་ཞིག་ཡིན་པས་དོན་གྱིས་ཁོ་ཚོ་ནི་སྒྱུ་རྩལ་གྱི་དགྲ་བོ་རེད།
        མཛེས་གཙོ་རིང་ལུགས(唯美主义)ཀྱི་སེང་རས་ཀྱི་དཔྱོད་ཤེས་ཀྱི་མིག་ཟུང་སྒྲིབ་པར་བྱེད་ཅིང་།སྒྱུ་རྩལ་རྣལ་མའི་རྫུན་གཏམ་གྱིས་དངོས་ཡོད་ཀྱི་བདེན་དོན་སྦས་པར་བྱེད་པ་རེད།ཨུ་རུ་སུའི་རྩོམ་མཁན་ཆེན་མོ་ཐོལ་སི་ཏོའེ①ལགས་ཀྱིས།མཛེས་གཙོ་རིང་ལུགས་དང་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་པ་ཡོད་ཚད་ནི་བདེ་ཐང་མ་ཡིན་ལ་ཉེན་ཁའང་ཆེ།དེ་ནི་དོན་སྙིང་གིས་སྟོངས་པའི་ཡི་གེའི་རོལ་རྩེད་ཁོ་ན་ཙམ་མོ་ཞེས་གསུངས།འུ་ཅག་ནི་ཏག་ཏག་ཐོལ་སི་ཏོའེ་ཡིས་གསུངས་པའི་ཉེན་ཁ་འདི་ལ་ཐུག་འདུག་པ་རེད།གལ་ཏེ་ཉེན་ཁ་འདི་ལས་གྲོལ་བ་དང་ཡང་ན་སྒྱུ་རྩལ་གྱི་བསླུ་བྲིད་དེ་ལས་ཐར་དགོས་ན།ངེས་པར་དུ་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད་དགོས་ཤིང་། ལོ་རྒྱུས་དང་རིག་གནས།དུས་རབས་དང་དངོས་ཡོད་བཅས་ཀྱིས་བསྩལ་བའི་འགན་འཁྲི་རླབས་པོ་ཆེ་དེ་ཕྲག་ཏུ་ལེན་དགོས་པ་ཡིན་ནོ།།
        རྒྱའི་ན་གཞོན་རྩོམ་རིག་དཔྱད་བརྗོད་མཁན་ཧོ་ཞུང་ཧྥེ②ལགས་ན་རེ། (རྩོམ་རིག་གི)ཐབས་རྩལ་ནི་ཇི་ལྟར་ཁྱད་དུ་འཕགས་ན།རྫུན་གཏམ་དེ་ལྟར་དུ་གབ་སྦས་བྱེད་པ་དང་། འཚོ་བ་དངོས་དང་དེ་ལྟར་དུ་ཐག་རིང་བར་མ་ཟད།རྩོམ་རིག་གི་སྙིང་སྟོབས་དང་ཡང་དེ་ལྟར་དུ་རྒྱང་རིང་བ་རེད་ཅེས་བསྟན།གོང་གི་ཐོལ་སི་ཏོའེ་ལགས་དང་ཧོ་ཞུང་ཧྥེ་ལགས་ཀྱི་སྐད་ཆ་འདི་དག་ལ་བསམ་གཞིག་གནད་དུ་སྨིན་པ་ཞིག་གཏོང་ཐུབ་ཚེ།ཀློག་པ་པོ་རྣམས་ཀྱིས་ཁོ་བོའི་རྩོམ་ཐུང་འདིའི་ཁ་བྱང་ལ་སྒྱུ་རྩལ་གྱི་དགྲ་བོ་ཞེས་འདོགས་པའི་དགོས་པ་དང་དམིགས་ཡུལ་ཡང་ཞོར་ལ་རྟོགས་འོང་གི་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1