ཞི་ཅིན་ཕིང་གིས་ཨ་རིའི་ཡུལ་འདིའི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-21


        ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཝ་ཧྲིང་ཐོན་མངའ་སྡེའི་ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས་གནང་ཡོད།

        ཞི་ཅིན་ཕིང་གིས་ཨ་རིའི་ཝ་ཧྲིང་ཐོན་མངའ་སྡེའི་ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་ཀྲུང་གོས་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་དང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་བར་སྨོན་འདུན་བཟང་པོ་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ལུས་རྩལ་ནི་མི་དམངས་དབར་གྱི་མཛའ་བཤེས་ཟབ་ཏུ་གཏོང་བའི་སྦྲེལ་ཐག་ཞིག་ཡིན། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག བབ་ཆགས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གཉེར་ཐུབ་ཡོད། ཧང་ཀྲོའུ་རུ་ངོ་མཚར་ཆེ་བའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཤིག་གཉེར་རྒྱུར་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་གསུངས་གནང་ཡོད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་དེ་མི་དམངས་ལ་ཡོད་པ་དང་། རྨང་གཞི་དེ་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་དེ་ན་གཞོན་ཚོར་ཡོད་པ་བཅས་རེད། ཀྲུང་གོ་དང་ཨ་རིའི་གཞོན་ནུ་དེ་བས་མང་བས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་འཆམ་མཐུན་བྱེད་པ་དང་། ལག་གདང་སྦྲེལ་ནས་མཉམ་བགྲོད་བྱས་ཐོག རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་མི་རབས་གསར་པའི་ཕོ་ཉ་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ཆེད་རྒྱུན་མཐུད་ངང་སྒུལ་ཤུགས་སྣོན་རྒྱུའི་རེ་བ་ཡོད། ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་གྲོགས་པོ་ཚོས། ཀྲུང་གོ་དང་ཨ་རིའི་གཞོན་ནུའི་མཛའ་གྲོགས་སྤེལ་རེས་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ཐོག་ཡར་འཕེལ་ཡོང་ཆེད་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།

        དེའི་གོང་། ཨ་རིའི་ཝ་ཧྲིང་ཐོན་མངའ་སྡེའི་ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོས་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་དང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ལྡན་པའི་ངང་གཉེར་རྒྱུར་སྨོན་འདུན་ཞུས་པ་དང་། ཀྲུང་གོ་དང་ཨ་རིའི་གཞོན་ནུའི་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་ཆེད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1