རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་སློབ་དུས་གསར་པ་བསུས།

རྟ་མགྲིན་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་། སྤེལ་དུས། 09-07


རང་ཁུལ་སློབ་གྲྭ་ཁག་གིས་རྣམ་པ་ཕུན་སུམ་ཚོགས་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”འཚོགས།

དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་བའི་ཡུལ་དངོས།


དར་མདོ་གྲོང་ཁྱེར་ཁྲོམ་ལམ་ཤར་མའི་སློབ་ཆུང་དུ་ཁྲིམས་སྐྱོང་བྱེད་སྒོ་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ།


བསིལ་འཇམ་གྱི་སྟོན་རླུང་ཁྲོད་ནས་ལོ་གཅིག་གི་སློབ་འགོ་ཚུགས་པའི་དུས་ཚོད་བསུས་བྱུང་། སློབ་དུས་གསར་པར་ཕྲུ་གུ་ཚོ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་ཆེད་རང་ཁུལ་གྱི་སློབ་གྲྭ་ཁག་གིས་བྱ་ཐབས་གསར་གཏོད་བྱས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”གཅིག་རྗེས་གཉིས་མཐུད་ངང་འཚོགས་པ་རེད། སྤྱི་ཟླ9པའི་ཚེས1ཉིན། གསར་འགོད་པས་སྔ་རྗེས་སུ་དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་དང་། དར་མདོ་གྲོང་ཁྱེར་ཁྲོམ་ལམ་ཤར་མའི་སློབ་ཆུང་། དར་མདོ་སློབ་འབྲིང་། ཁུལ་བྱིས་པ་ཁང་སོགས་སློབ་གྲྭར་འབྲེལ་ཡོད་བཅར་འདྲི་བྱས་པ་ཡིན།

དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གིས་རྒྱལ་གཅེས་སློབ་གསོའི་ཉམས་འགྱུར་མངོན།

སློབ་གྲོགས་ཚོ་ཁམས་བཟང་། དེ་རིང་སློབ་དུས་གསར་པ་འགོ་ཚུགས་སྐབས་ང་ཚོས་རྒྱལ་གཅེས་ཀྱི་གོ་དོན་ལ་སློབ་སྦྱོང་བྱེད་རྒྱུ་ཡིན་ཞེས་དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་ཁང་ནང་དུ། འཛིན་བདག་ཧུའུ་ཁང་ཆུང་གི་སྣེ་ཁྲིད་འོག་སློབ་མའི་འཐུས་མིས་སློབ་ཕྲུག་ཚོར་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་འཚོག་བཞིན་འདུག། སློབ་ཁྲིད་ཁྲོད་དུ་ཁོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཙོ་དོན་བྱས་ནས་བརྙན་ལམ་དང་ཡི་གེ་སོགས་ཀྱི་དཔྱད་གཞི་སྤྱད་དེ་སློབ་གྲོགས་ཚོར་རྒྱལ་གཅེས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱ་རྒྱུའི་ཁྲིད་སྟོན་གནང་བ་རེད།

རྒྱལ་གཅེས་རིང་ལུགས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་འཇོག་དོན་ཅི་ཡིན་ཞེས་པའི་གནད་དོན་ལ། དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གི་སློབ་སྤྱི་ཡུས་ལི་ལིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་རིང་ལུགས་ཀྱི་དུས་རབས་ཀྱི་ནང་དོན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པའི་དོན་སྙིང་གལ་ཆེན། རྩ་བའི་བླང་བྱ་བཅས་ལ་རྒྱས་བཤད་གལ་ཆེན་ཐེངས་མང་གནང་། བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་པས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སྐྱེད་སྲིང་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བཤད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནི་དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བསྡུས་རིས་ཤིག་རེད། སློབ་དུས་འདིར་སློབ་གྲྭ་དེས“རེ་བའི་ས་བོན་འདེབས”ཅེས་པ་གཙོ་དོན་དུ་བྱས་ནས་རྒྱལ་གཅེས་སློབ་གསོ་དང་། གསོ་སྐྱོང་སློབ་གསོ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་གཙོ་གནད་ལ་དམིགས་ཏེ་སློབ་མ་ཚོ་སྐྱོན་བྲལ་ཡར་བརྩོན་དང་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པའི་ཐོག་ནས་སློབ་དུས་གསར་པའི་འཚོ་བར་མགྱོགས་མྱུར་འཕྲོད་པར་སྐུལ་འདེད་བཏང་བ་རེད།

སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དེ་གཏིང་ཟབ་དང་ཏན་ཏིག་ཡོང་ཆེད། དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་གིས་ད་དུང་སློབ་མ་གསར་པའི་ཁྱིམ་བདག་དང་ཐུག་འཕྲད་ཚོགས་འདུ་འཚོགས་པ་རེད། དུས་ཚོད་གཅིག་རིང་འབྲེལ་གཏུག་སྤེལ་རེས་བྱས་པ་བརྒྱུད་ཁྱིམ་བདག་ཚོས་སློབ་གྲྭར་སྔར་བས་རྒྱུས་མངའ་ལོན་པ་དང་ཆབས་ཅིག་མ་གྲོས་གཅིག་མཐུན་ངང་སློབ་གྲྭའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་བསྔགས་བརྗོད་བྱས་པ་རེད།

དར་མདོ་གྲོང་ཁྱེར་ཁྲོམ་ལམ་ཤར་མའི་སློབ་ཆུང་གིས་ཁྲིམས་སྐྱོང་སློབ་གསོས་བྱིས་བློ་བསྐྱེད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁྲིམས་སྐྱོང་སློབ་གསོའི་ཁོར་ཡུག་དང་རྣམ་པ་བཟང་པོ་གཏོད་པ། སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོར་སྐུལ་འདེད་གཏོང་བའི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱ་ཆེད། དར་མདོ་གྲོང་ཁྱེར་ཁྲོམ་ལམ་ཤར་མའི་སློབ་ཆུང་གིས་སློབ་གྲྭའི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་ཝང་ཧོའེ་ཅིན་སློབ་གྲྭར་གདན་དྲངས་ནས་ཁྲིམས་སྐྱོང་སློབ་གསོ་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། ཝང་ཧོའེ་ཅིན་གྱིས“སློབ་རའི་བརྙས་བཅོས་བཀག་ནས་འཆམ་མཐུན་སློབ་ར་བསྐྲུན”ཞེས་པ་གཙོ་དོན་བྱས་ཏེ་གྱོད་གཞིར་གཞིགས་ནས་ཁྲིམས་འགྲེལ་བ་དང་གྱོད་གཞིར་གཞིགས་ནས་ཁྲིམས་སྦྱོང་བའི་བྱ་ཐབས་བརྒྱུད་གང་ཞིག་ནི་སློབ་རའི་བརྙས་བཅོས་དང་། སློབ་རའི་བརྙས་བཅོས་ཀྱི་གནོད་སྐྱོན། སློབ་རའི་བརྙས་བཅོས་ལ་ཁ་གཏད་ཇི་ལྟར་གཅོག་རྒྱུ་སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་བྱས། དེ་དང་ཆབས་ཅིག་ཁོང་གིས་ད་དུང་ཉེ་དུས་ཅུང་འཁྲུག་ཆ་དོད་པའི་ཁ་བསླུས་རྒྱག་པའི་བརྗོད་གཞིར་གཞིགས་ནས་སློབ་མའི་ལོ་ནའི་ཁྱད་ཆོས་དང་སེམས་ཁམས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་དོན་སྙིང་ཟབ་ལ་གོ་བདེ་བའི་ངང་ནར་མ་སོན་པའི་མི་དང་འབྲེལ་བ་དམ་ཟབ་ཡོད་པའི་དྲྭ་རྒྱའི་ཁ་བསླུས་དང་། དྲྭ་རྒྱའི་ཐོག་ནས་གྲོགས་པོ་སྒྲིག་པ།《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་གསལ་བཤད་བྱས།

དར་མདོ་གྲོང་ཁྱེར་ཁྲོམ་ལམ་ཤར་མའི་སློབ་ཆུང་གིས་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་སྤེལ་བར་མ་ཟད་ད་དུང་རྒྱལ་དར་འོག་གི་གཏམ་བཤད་དང་དེ་བཞིན་འཕྲོད་བསྟེན་ཤེས་བྱ། འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་དག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་དོན་བྱས་ནས་བྱིས་པ་ཚོར་མི་ཚེའི་སྒྲོག་གུ་དང་པོ་ཡག་པོ་རྒྱག་རྒྱུའི་ཁྲིད་སྟོན་བྱས་པ་རེད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་སློབ་གྲྭ་དེས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་རྒྱུ་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རྣམ་པ་གསར་རྐྱང་དང་། སྤྲོ་སེམས་ཀྱིས་ཁེངས་པ། ཡར་རྒྱས་འགྲོ་བ་བཅས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་དང་འཚོ་བ་གསར་པར་ཞུགས་རྒྱུ་རེད།

དར་མདོ་སློབ་འབྲིང་གིས་བདེ་འཇགས་སློབ་གསོས་བདེ་ཐང་སྲུང་སྐྱོང་བྱས།

དུས་ཚོད10དང་སྐར་མ15ཡི་ཐོག། དར་མདོ་སློབ་འབྲིང་གི་ལུས་རྩལ་ཐང་དུ་རྒྱལ་དར་སྲུང་དམག་རུ་ཁག་གིས་ཕྲག་ཐོག་ཏུ་སྐར་ལྔའི་དར་དམར་བཏེགས་ནས་མགོ་འཕང་མཐོ་ལ་སྐད་གསང་མཐོ་བའི་ངང་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་འགོ་ཚུགས། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས“སློབ་དུས་གསར་པའི་དངོས་སྒྲུབ་དང་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད”ཅེས་ལྕག་སྐུལ་བྱས་ནས་བྱིས་པ་ཚོའི་སྙིང་སྟོབས་ཆེར་བསྐྱེད།

མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་སྔར་བས་ཡག་པོ་གཉེར་ཆེད། དར་མདོ་སློབ་འབྲིང་གིས་བདེ་འཇགས་སློབ་གསོ་དེ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད། སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཕྲུ་གུ་ཚོར་བདེ་འཇགས་སློབ་གསོའི་སྐོར་འགྲེལ་བཤད་བརྒྱབ་པ་རེད། མཐོ་གསུམ་འཛིན་གྲྭ17པའི་སློབ་མ་ཤེས་རབ་ཕུན་ཚོགས་ཀྱིས་སློབ་གྲྭའི་བདེ་འཇགས་སློབ་གསོའི་ལས་དོན་དེ་སློབ་གྲོགས་ཚོའི་ལུས་སེམས་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད། སློབ་གྲྭས་བདེ་འཇགས་སློབ་གསོའི་ལས་དོན་སྤེལ་བ་དེས་སློབ་མ་ཚོའི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ་དང་བདེ་འཇགས་འགན་འཁྲི་ཁ་གསལ་བཟོས་ནས་ལང་ཚོའི་ཕུགས་འདུན་ཆུད་ཟོས་སུ་མི་གཏོང་བ་དང་། ཁྱིམ་བདག་གི་རེ་བ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བ། སློབ་གྲྭའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ན་གཞོན་གསར་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རང་ངོས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། དར་མདོ་སློབ་འབྲིང་གི་འཛིན་གྲྭ་ཁག་གིས་ད་དུང་བརྗོད་དོན་མི་འདྲ་བའི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། མེ་ཟོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་ནས་གནོད་འགོག་གནོད་སེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་པ་ནས་གཡོ་སྒྱུ་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་སློབ་སྦྱོང་བྱེད་པ། སློབ་གྲྭའི་ནང་གི་བརྙས་བཅོས་ལ་ངོ་རྒོལ་བྱེད་པ་ནས་ཉི་འོད་ཀྱི་སེམས་ཁམས་སྐྱེད་སྲིང་བྱེད་པ་བཅས་ཀྱི་དངོས་སྤྱོད་ཀྱི་ཤེས་བྱ་འདི་དག་ནི་བྱིས་པ་ཚོའི་སློབ་དུས་གསར་པའི“ལེགས་སྐྱེས་ཆེན་པོ”ཞིག་ཏུ་གྱུར་ཡོད་པ་རེད།

གླེང་རིན་ཡོད་པ་ཞིག་ལ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་ཆེད། སློབ་དུས་འདིར་དར་མདོ་སློབ་འབྲིང་གིས་སློབ་གྲྭ་ཆུང་འབྲིང་གི་དོ་དམ་ལས་དོན་ཁག་ལྔ་ལ་སྔར་བས་ཤུགས་བརྒྱབ་སྟེ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྦྱོང་ཚན་དང་། གཉིད་ཉལ་བ། ལག་ཐོགས་ཁ་པར། ཀློག་དེབ། གཟུགས་གཞིའི་དོ་དམ་བཅས་ལ་ཤུགས་བརྒྱབ་ནས་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་སུ་གཏོང་བ། རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སློབ་མ་ཚོར་སྤུས་ཚད་མཐོ་བའི་སློབ་གསོ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད།

ཁུལ་བྱིས་པ་ཁང་གིས་སྤྲོ་སྣང་ལྡན་པའི་སྒོས་སློབ་གསར་བསུས་ནས་བྱིས་པ་འཚར་ལོངས་ཡོང་བར་རམ་འདེགས་བྱས།

སྙིང་རྗེ་བའི་བྱིས་པ་ཚོ་སློབ་གྲྭར་ཡོང་བར་བསུ་བ་ཞུ་ཆེད། ཁུལ་བྱིས་པ་ཁང་གི་དགེ་རྒན་ཚོས་སྔ་ཙམ་ནས་དྲོ་སྐྱིད་ལྡན་ལ་གཙང་སྦྲ་དོད་པའི་སློབ་གྲྭའི་ཁོར་ཡུག་ཅིག་བཏོད་པ་རེད། སྤྱི་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། བྱིས་པ་རྣམས་ཕ་མ་གཉིས་ཀྱི་སྐྱེལ་མ་འོག་སློབ་གྲྭར་བསྐྱོད་ནས་སློབ་མ་ཞེས་པའི་མིང་བཏགས་གསར་པ་བླངས་པ་རེད།

བྱིས་པ་ཚོ་སློབ་མའི་འཚོ་བར་གང་མགྱོགས་ངང་གོམས་ཆེད། ཁུལ་བྱིས་པ་ཁང་གིས་འགུལ་འགོག་གནོད་སེལ་ལ་དམིགས་ཏེ་སློབ་ཁང་དུ་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་བ་བརྒྱུད་བྱིས་པ་ཚོར་དོན་སྙིང་ལྡན་པའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་འཚོགས་པ་རེད། སློབ་ཁང་དུ་དགེ་རྒན་ཚོས་གོ་བདེ་ཤེས་སླའི་སྐད་ཆས་བྱིས་པ་ཚོའི་སེམས་སུ་བདེ་འཇགས་ལ་མཐོང་ཆེན་བྱེད་པའི་ས་བོན་བཏབ་པར་ཁྱིམ་བདག་ཚོའི་ཁས་ལེན་མཐའ་གཅིག་ཏུ་ཐོབ།

ཁུལ་བྱིས་པ་ཁང་གི་སློབ་མའི་ཁྱིམ་བདག་ཞིག་གིས་གསར་འགོད་པར“བྱིས་པ་ཚོ་ལོ་ན་ཆུང་བས་གཞུང་ལུགས་རང་བཞིན་གྱི་ཤེས་བྱ་མང་པོ་བསྡུ་ལེན་བྱེད་དཀའ་བས་སློབ་གྲྭས་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤྱད་དེ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བྱ་ཐབས་འདི་ཧ་ཅང་ཡག་པོ་འདུག། བྱིས་པ་ཚོས་གོ་བདེ་བར་མ་ཟད་ཉན་རྒྱུར་ཧ་ཅང་དགའ་པོ་འདུག”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྱིམ་བདག་ཚོས་བྱིས་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྔར་བས་ཤེས་རྟོགས་ཐུབ་པ་དང་བྱིས་པ་ཁང་དང་དགེ་རྒན། ཁྱིམ་བདག་བཅས་དབར་གྱི་འབྲེལ་འདྲེས་ཟབ་ཏུ་གཏོང་ཆེད། ཁུལ་བྱིས་པ་ཁང་གིས་ད་དུང་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་ཟུང་འབྲེལ་བྱས་ཏེ་སློབ་མ་གསར་པའི་ཁྱིམ་བདག་ཚོ་སློབ་གསར་ཁྱིམ་བདག་གི་སྒོ་དབྱེའི་ཉིན་མོའི་བྱེད་སྒོར་ཞུགས་པར་གདན་འདྲེན་ཞུས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1