བསྟན་འཛིན་དབྱིག་གཉེན་དང་ཁོང་གི་ཡིག་གཟུགས་སློབ་ཁྲིད།

གསར་འགོད་པ། བཀྲ་རྡོར། བདེ་གཡང་། མཁའ་ལོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-12


བསྟན་འཛིན་དབྱིག་གཉེན་ནི་ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་ཤིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་འདན་མ་གྲོང་རྡལ་ནས་ཡིན་པ་དང་། ད་ཆ་ཡིག་གཟུགས་འཆར་ཁྲིད་ཀྱི་ལས་ལ་གཞོལ་བཞིན་པའི་དགེ་བའི་བཤེས་གཉེན་ཞིག་ཡིན། ཁོང་དགུང་ལོ་གཞོན་དུས་ནས་ཡིག་གཟུགས་འབྲི་རྒྱུར་ཧ་ཅང་དགའ་ཞེན་ཆེ་བ་དང་། ལོ་མང་རིང་ཡིག་གཟུགས་གཙོས་པའི་རིག་གནས་ཁག་ལ་བརྩོན་ཞིབ་གནང་བས། ད་ཆ་ཁོང་དཀར་མཛེས་རྫོང་གི་ཕུལ་བྱུང་གི་ཡིག་གཟུགས་དགེ་རྒན་ཞིག་ཏུ་གྱུར་ཡོད། 

བསྟན་འཛིན་དབྱིག་གཉེན་གྱི་བརྩམས་ཆོས།

 

བྲིས་པ་ཞིག་ཡིན་པའི་ངོས་ནས། བསྟན་འཛིན་དབྱིག་གཉེན་གྱིས་ལས་ཞོར་གྱི་དུས་ཚོད་སོགས་བེད་སྤྱད་དེ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེང་པའི་ཡིག་གཟུགས་བརྩམས་ཆོས་མང་པོ་ཞིག་བྲིས་ཡོད་ལ། བརྩམས་ཆོས་དེ་དག་ལའང་རྒྱལ་ཁབ་ཕྱི་ནང་གི་གཟེངས་བསྟོད་དང་བྱ་དགའ་མང་པོ་ཞིག་ཐོབ་ཡོད། དེ་དག་གི་ཁྲོད་ལས་ཁོང་དང་དཀར་མཛེས་ཀྱི་བྲིས་པ་བསོད་ནམས་དབང་རྒྱལ་དང་། བྱམས་པ་རྡོ་རྗེ་བཅས་ཀྱིས་ཐུན་མོང་ཐོག་གསར་རྩོམ་གནང་བའི་༼གངས་ལྗོངས་ཡིག་གཟུགས་སྣ་བརྒྱ་ཞལ་ཐང་རིང་མོ༽ཞེས་པས་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོ་བཏོད་རྐྱེན་ཁོང་གི་བརྩམས་ཆོས་ཀུན་གྱི་ཁྲོད་ནས་དཔེ་མཚོན་ལྟ་བུར་གྱུར་ཡོད། 

བསྟན་འཛིན་དབྱིག་གཉེན་གྱི་ཡིག་གཟུགས་བརྩམས་ཆོས།


དམའ་འབྲིང་དང་མཐོ་འབྲིང་སྐབས་དཀར་མཛེས་ཀྱི་ཡིག་གཟུགས་མཁས་ཅན་བསོད་ནམས་དབང་རྒྱལ་སོགས་ཀྱི་དྲུང་ནས་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ལ་ཞུགས་འགོ་ཚུགས་པ་ནས། ཕྱིས་སུ་སློབ་ཆེན་སྐབས་མུ་མཐུད་ཡིག་གཟུགས་ཐད་སློབ་སྦྱོང་དང་ཉམས་ལེན་གང་མང་མཛད་རྗེས། མཐར་རང་ཁྱིམ་སྒོ་འགྲམ་གྱི་འདན་མ་སློབ་ཆུང་དུ་རྒྱུགས་ཁྲོད་དེ་བོད་ཡིག་དང་ཡིག་གཟུགས་འཆད་ཁྲིད་ཀྱི་ལས་ལ་གཞོལ།

གྲོང་གསེབ་ཀྱི་སློབ་གྲྭར་ཡིག་གཟུགས་སློབ་ཁྲིད་གནང་བའི་བརྒྱུད་རིམ་ནང་བསྟན་འཛིན་དབྱིག་གཉེན་གྱིས་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་སློབ་མ་སྐྱེད་སྲིང་ཐད་མཐོང་ཧ་ཅང་ཆེན་པོ་གནང་ཡོད་དེ། ཁོང་གིས་དུས་ཚོད་དང་སེམས་ཤུགས་མང་པོ་སྤྱད་ནས་སློབ་མ་རྣམས་དང་འཚམ་པའི་སློབ་ཁྲིད་འཆར་གཞི་བཟོས་གནང་བ་མ་ཟད། ད་དུང་སློབ་གྲྭའི་ནང་ཡིག་གཟུགས་དང་འབྲེལ་བའི་འགྲན་བསྡུར་དང་བྱེད་སྒོ་མང་པོ་ཞིག་སྒྲིག་འཛུགས་མཛད་དེ་སློབ་མ་རྣམས་ལ་སློབ་སྦྱོང་དང་འཇོན་ནུས་ངོམ་པའི་གོ་སྐབས་གང་མང་ཞིག་བསྐྲུན་ཡོད། 

བསྟན་འཛིན་དབྱིག་གཉེན་ལཐོབ་པའི་བྱ་དགའ།


ཁོང་ནས་ཡིག་གཟུགས་རིག་གནས་རྒྱུད་འཛིན་གནང་ན་མི་དེ་བས་མང་བས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཤེས་རྟོགས་དང་ཉམས་ཞིབ། རྒྱུས་ལོན་བཅས་བྱ་ཆོག་པ་མ་ཟད། ད་དུང་མི་དེ་བས་མང་བར་ཡིག་གཟུགས་སྒྱུ་རྩལ་གྱི་ངོ་མཚར་དང་ཡིད་དབང་འཕྲོག་ཤུགས་ཀྱང་མངོན་ཐུབ་པའི་འདོད་ཚུལ་བཟུང་གི་ཡོད།

ད་ཆ། བསྟན་འཛིན་དབྱིག་གཉེན་གྱི་ཡིག་གཟུགས་སློབ་ཁྲིད་ཐོག ཤེས་རིག་གི་མུན་པའི་སྦུགས་རྒྱ་ལས་གྲོལ་ཏེ་རིག་གནས་ཀྱི་ནམ་འཕང་བཅད་དེ་གཤོག་རྩལ་གང་དགར་ངོམ་ལ་ཁད་པའི་ཐང་དཀར་རྒོད་པོ་ལྟ་བུའི་སློབ་མ་དག་གིས་རིག་པ་བསྒྲིམས་ནས་ཡིག་གཟུགས་གཙོས་པའི་སྦྱང་བྱའི་རིག་གནས་མཐའ་དག་ལ་སློབ་སྦྱོང་གིས། ནམ་ཞིག་ཤེས་བྱའི་མཁའ་དབྱིངས་སུ་རང་འདོད་འཕུར་ལྡིང་བྱེད་པར་སྒུག་བཞིན་མཆིས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1