༄༅། །བོད་ཀྱི་གསོ་རིག་ལས་ལུས་ཁམས་ཆགས་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-04



བོད་ཀྱི་གསོ་བ་རིག་པའི་གཞུང་ལས་འགྲོ་བ་སྤྱི་དང་ཁྱད་པར་མིའི་ལུས་རྟེན་འདི་ཉིད་གྲུབ་པའི་རྒྱུ་གཙོ་བོ་འབྱུང་བ་ལྔ་ཡིན་ལ།བཤད་རྒྱུད་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་མཚུངས། །ཞེས་གསུངས་པ་ལྟར་ལུས་ཀྱི་ས་བོན་ནི་ཕ་མའི་ཁམས་དཀར་དམར་ཡིན་ཏེ། ཕ་མའི་ཁུ་ཁྲག་སྐྱོན་མེད་པ་དང་། སྔོན་བསགས་ཀྱི་ལས་དང་རྗེས་སུ་འབྲེལ་བའི་བར་དོའི་རྣམ་ཤེས་ཉོན་མོངས་ཀྱིས་བསྐུལ་བ་དེ་ཉིད། ཁུ་ཁྲག་སེམས་གསུམ་གྱི་འབྱུང་བ་ལྔ་བོ་ལྷན་གཅིག་ཏུ་ཚོགས་པ་དེ་ནི་མངལ་ཆགས་པའི་རྒྱུ་གཙོ་བོ་ཡིན་ནོ།།

དེ་ཡང་ཐོག་མར་ཕ་ཡི་ཁུ་བས་མངལ་དུ་གནས་པའི་སེམས་ཅན་དེའི་ལུས་ཀྱི་རུས་པ་དང་ཀླད་པ།གཞུང་པ་རྣམས་བསྐྱེད་པར་བྱེད་ལ། མའི་ཟླ་མཚན་གྱིས་མངལ་གནས་སེམས་ཅན་དེའི་ཤ་དང་ཁྲག དོན་ལྔ་སྣོད་དྲུག་རྣམས་བསྐྱེད་ཅིང་།རང་གི་སེམས་ལས་མིག་ལ་སོགས་པའི་དབང་བོ་དང་རྣམ་པར་ཤེས་པ་ལྔ་བོ་འབྱུང་ཞིང་སྐྱེས་པ་ཡིན། དེ་ལ་འབྱུང་བ་རྣམས་ལས་ས་ཡི་ཁམས་ལས་མངལ་གནས་དེའི་ལུས་ཀྱི་ཤ་དང་རུས་པ་སོགས་སྲ་བའི་ཆ་ཤས་རྣམས་འབྱུང་ཞིང་ཁྱད་པར་སྣའི་དབང་བོ་དང་དྲིའི་རང་བཞིན་རྣམས་བསྐྱེད་པ་ཡིན། ཆུའི་ཁམས་ལས་ཁྲག་དང་ལུས་ཀྱི་བརླན་བཤེར་འབྱུང་ཞིང་ལྷག་པར་ལྕེའི་དབང་བོ་དང་དེའི་ཡུལ་རོ་དྲུག་གི་རང་བཞིན་རྣམས་བསྐྱེད་པར་བྱེད། མེའི་ཁམས་ལས་ལུས་ཀྱི་དྲོད་དང་མདངས། ཁྱད་པར་དུ་མིག་གི་དབང་བོ་དང་དེའི་ཡུལ་གཟུགས་ཀྱི་རང་བཞིན་རྣམས་བསྐྱེད་པ་ཡིན། རླུང་གི་ཁམས་ལས་དབུགས་དང་། ཁྱད་པར་ལུས་ཀྱི་དབང་བོ་འཛིན་པའི་པགས་པ་དང་དེའི་ཡུལ་རེག་བྱའི་རང་བཞིན་རྣམས་བསྐྱེད་པ་ཡིན།ནམ་མཁའི་ཁམས་ལས་ཕྱི་ནང་གི་བུ་ག་རྣམས་དང་། ཁྱད་པར་རྣ་བའི་དབང་བོ་དང་དེའི་ཡུལ་སྒྲའི་རང་བཞིན་རྣམས་འབྱུང་ཞིང་བསྐྱེད་པར་བྱེད་དོ།།

དེ་ཡང་བཤད་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པ་འཕེལ་བའི་གོ་མི་ཕྱེད། །ཅེས་གསུངས་པ་ལྟར་འབྱུང་བ་དེ་དག་ལས་སའི་ཁམས་མེད་ན་ལུས་འདི་སྲ་བའི་རང་བཞིན་མི་འབྱུང་བ་དང་། ཆུ་ཡི་ཁམས་མེད་ན་གཅིག་ཏུ་སྡུད་མི་ཐུབ་པ། མེ་ཡི་ཁམས་མེད་ན་སྨིན་པ་མི་འགྱུར་བ། རླུང་གི་ཁམས་མེད་ན་དེ་དག་རིམ་བཞིན་ཆེས་ཆེར་འཕེལ་མི་ནུས་པ་དང་། དེ་དག་ཐམས་ཅད་ཡོད་ཀྱང་སྟོང་བའི་ཆ་སྟེ་ནམ་མཁའ་མེད་ན་འཕེལ་བའི་གོ་སྐབས་མི་ཕྱེད་པ་བཅས་མདོར་ན་འབྱུང་བཞི་དང་ནམ་མཁའ་སྟོང་བའི་ཆ་བཅས་ཀྱིས་ལུས་བསྐྱེད་པར་བྱེད་ཅིང་། དེ་དག་རེ་རེ་མ་ཚང་ནའང་ལུས་རྟེན་འདི་འགྲུབ་མི་ཐུབ་པ་ཡིན་ཞེས་གསལ་བོར་བརྗོད་ཡོད།

གཞན་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་མིའི་ལུས་ཁམས་ཆགས་པ་ལ་ཕ་མའི་ཁམས་དཀར་དམར་དང་འབྱུང་བ་ལྔ་ལས་གཞན། སྔོན་བསགས་ལས་ཀྱིས་བསྐུལ་བའི་བར་དོའི་རྣམ་ཤེས་ཞུགས་ཞེས་ལྷག་ཏུ་བརྗོད་པ་ནི་འཛམ་གླིང་གསོ་རིག་གི་གཞུང་གཞན་དག་དང་མི་མཚུངས་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་པ་ཡང་ང་ཚོས་གསལ་བོར་ངེས་དགོས་སོ།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1