༄༅།།ཐུགས་ཀྱི་གནས་མཆོག་ཤར་སྨད་མི་ཉག་བཞག་བྲ་ལྷ་རྩེ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་དྲངས། སྤེལ་དུས། 12-06


‍‍

ཤར་སྨད་མི་ཉག་བཞག་བྲ་ལྷ་རྩེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་བ་སྨད་ཀྲན་ཞི་བདེ་ཤང་དུ་གནས་ལ།        ཁྲོན་བོད་གཞུང་ལམ་༣༡༨པའི་ལམ་སྣེ་ལ་བར་ཐག་སྤྱི་ལེ་༢༥ཙམ་དང་།   དར་མདོ་གནམ་ཐང་ནས་བར་ཐག་སྤྱི་ལེ་༡༠༣ཙམ།   རྟའུ་རྫོང་སྲིད་གཞུང་ལྟེ་གནས་ཕྱག་རུ་ཀྲན་ནས་ལམ་ཐག་སྤྱི་ལེ་༩༨ཙམ།    དཀར་མཛེས་ཁུལ་སྲིད་གཞུང་གི་ལྟེ་གནས་དར་རྩེ་མདོ་ནས་ལམ་ཐག་སྤྱི་ལེ་༡༦༣བཅས་ཡོད།       རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་རྨིད་༥༨༢༠ལྷག་མཆིས།       འདི་ནི་དཀར་མཛེས་ཁུལ་དང་རྟའུ་རྫོང་གི་ཁྱོན་ཡངས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱ་བའིཆེས་མཛེས་པའི་ལྗོངས་རྒྱུ་གཙོ་བོའི་གྲས་ཤིག་ཡིན།     བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་ལྷག་པར་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཤར་སྨད་བཞག་བྲ་ལྷ་རྩེ་ཞེས་མང་དུ་འཁོད་ཡོད།    གནས་འདིར་དོན་གཅིག་ལ་མིང་མི་འདྲ་བ་དུ་མ་ཡོད་པ་གཤམ་དུ་འཁོད་རྒྱུའི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གི་གསལ་བྱེད་ལས་ཤེས་པ་བྱོས།    དེའང་ཨོ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས་ཀྱིས་བཀོད་པའི་མདོ་བྱང་ལས།  ཐུགས་ཀྱི་སྐུ་ཡི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་སྨད་མེ་ཉག་ཅེས་བྱ་རུ༔ ལྷ་རྩེ་ཞེས་བྱ་དུང་སེང་གནམ་མཆོངས་འདྲ༔    ཤར་ལྷོའི་ཤུ་ཡི་ལུང་པའི་སྐེད་པ་རུ༔     བྲག་རི་རིན་ཆེན་སྤུངས་པ་འདྲ་བ་རུ༔ པད་འབྱུང་ཟླ་གསུམ་སྒྲུབ་པའི་ཕུག་པ་ནི༔ ཟླུམ་འཁྱིལ་ཆོས་དུང་དཀར་པོའི་དབྱིབས་ཅན་ནང༔ ཨ་ཏི་ཞི་ཁྲོའི་ལྷ་ཚོགས་སྐུ་ཡང་གསལ༔ གཡས་ཀྱི་ལུང་པའི་བྲག་རི་ཐམས་ཅད་ལ༔ ཉེ་སྲས་བརྒྱད་དང་རྟ་ཕག་ཡབ་ཡུམ་བཞུགས༔     ནང་དུ་རིན་ཆེན་གཟི་ལས་གྲུབ་པ་ཡི༔      ཆོས་སྐུའི་མཆོད་རྟེན་མདའ་རྒྱངས་གང་ཙམ་སྦས༔   ལྷ་སྲས་ཐུགས་དམ་རྒྱལ་བཀའ་འགྱུར་ཚད་སྦས༔      རྒྱལ་གཏེར་འཕྲུལ་གཏེར་ནོར་གཏེར་དུ་མ་སྦ༔  ཞེས་པ་དང་།  

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གི་གསལ་བྱེད་ལས།ཐུགས་ཀྱི་སྐུའི་གནས་མེ་ཉག་བཞག་ར་ལྷ་རྩེ་ཡོངས་གྲགས།   གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཕྱིས་སུ་འབྲི་གུང་ཆོས་གྲགས་བྱོན་ཅིང་གནས་ཡིག་ཀྱང་ཡོད་འདུགབཞག་བྲའི་གནས་ཡིག་བཤད་སྲོལ་དུ། སྤྱིར་བཞག་བྲ་ཟེར་དོན་ནི་ཨ་མྱེ་རྨ་ཆེན་ཡུལ་འདིར་ཕེབས་སྐབས་མི་ཉག་ཕྱོགས་ཀྱི་གཞི་བདག་ཚོས་ཁྱེད་ཀྱི་བུ་འདི།       ཡུལ་འདིར་རྟེན་སྐལ་དུ་བཞག་ན་བཞག་བྲ་དང་མི་བྲ་ཞེས་ཞུ་བ་ཕུལ་སྐབས་རྨ་རྒྱལ་སྦོམ་རས་ངའི་བུ་འདི་བཞག་བྲ་ཞེས་མིང་བཏགས་སོ། །་་གནས་རི་འདིའི་བདག་པོ་ནི་མི་དཀར་རྟ་དཀར་གཞོན་ནུའི་ཆ་བྱད་ཅན་ཞིག་ཡིན། གནས་རི་འདི་ཤམ་བྷ་ལ་གཉིས་པ་ཞེས་ཤིན་ཏུ་གནས་རྩ་ཆེན་ཞིག་ཡིན་པ་སྔོན་མའི་གནས་ཡིག་རྙིང་པའི་ནང་དུ་གསལ་ལོ། །མིང་གི་རྣམ་གྲངས་ནི། ཤར་སྟོད་བཞག་བྲ། བཞག་བྲ་ལྷ་རྩེ། མི་ཉག་བཞག་བྲ་དཀར་པོ། ཤམ་བྷ་ལ་གཉིས་པ།       བསྟན་སྲུང་བཞག་བྲ་ལྷ་རྩེ།        ཤར་སྟོད་ཀྱི་དུང་རི་དཀར་པོ། གནས་འདིའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ནི། སྐུ་ཡི་གནས་རི་མི་ཉག་འབོ་གངས་དཀར།     གསུང་གི་གནས་རི་བཞག་མོ་སྨན་བཙུན་གཞོན་ནུ།      ཐུགས་ཀྱི་གནས་གནས་མཆོག་དཔལ་ལྷ་སྒང་།           ཡོན་ཏན་གྱི་གནས་ཕག་མོ་རི།          འཕྲིན་ལས་ཀྱི་གནས་གསེར་རྒྱ་སྒོ་བཅས་སོ། །གནས་རིའི་རྩ་བའི་ཚ་ཆུ་རྣམས་ནི།      བཻ་རོ་ཚ་ཆུ།      ཕོ་ལོག་ཚ་ཆུ།      བརྒྱ་ཤོང་ཚ་ཆུ།    མཁལ་མའི་ཚ་ཆུ། གཟེར་འཇོམས་ཚ་ཆུ། ཀུན་ཕན་ཚ་ཆུ་སོགས་ཚ་མིག་དྲུག་བདུན་ཙམ་ཡོད་པ་དེ་ནད་རིགས་ཀུན་ལ་ཕན་ནོ། །རི་བོ་ནི།      གནས་རི།     རྫ་རི།     བྲག་རི།     གངས་རི།  ནགས་རི།    སྤང་རི།      གཡའ་རི།     གཏེར་རི་སོགས་ཡོད།      ཆུའི་སྐོར་ལ།    རང་བྱུང་གཏེར་ཆུ།     ཆུ་མིག     །སྨན་ཆུ།     རྫུ་ཆུ།   གངས་ཆུ། ཚེ་ཆུ། འབབ་ཆུ།       གླང་ཆུ་བཅས་སོ། །གནས་ཆེན་འདིའི་ཁྱད་ཆོས་ནི། སྐལ་བཟང་དུས་བཟང་ལ་ནམ་རྒྱུན་རང་བྱུང་གི་བསང་གཏོང་བ་ཀུན་གྱིས་རྒྱུན་དུ་མཐོང་རྒྱུ་ཡོད།  ཡུལ་དེར་སྦས་ཡུལ་ཁེ་མཚར་ཞིག་ཡོད་པ་མི་འགས་མཐོང་མྱོང་།   ས་བཅུ་ཐོབ་པའི་སེམས་དཔའ་ཆེན་པོ་ཞིག་ཡིན། གནས་རི་འདི་ལ་གཞི་བདག་ལྟ་བུ་བྱས་ནས་བསང་བཏང་ན་ཆོག་ཀྱང་བསང་གཙང་མ་གཏོང་དགོས། གནས་འདི་ལ་འབྲེལ་བའི་ཕན་ཡོན་ནི། ཚེ་འདི་ལ་རྐྱེན་ངན་བར་ཆད་སེལ་བ་དང་ལས་ངན་གྱི་སྡིག་སྒྲིབ་དག་ནས་ཁ་རྗེ་རླུང་རྟ་དར་ཞིང་།    ཕྱི་མ་ཐར་བའི་ལམ་སྣ་ཟིན་པའི་དགོས་པ་ཁྱད་པར་ཅན་འབྱུང་ངོ་། །

གནས་འདིའི་ཡུལ་ལྷ་འགའི་མིང་ནི།    ནོར་ལྷ་གཏེར་བདག་ལབ་རྩེ།   ཟུར་གསུམ།    བཞག་མོ།  མི་ཉག་གདུང་ར་དཀར་མོ།      དར་མདོའི་བཞག་བྲའི་བསང་ཁྲི།   ལྷ་སྒང་གི་སྒྲོལ་མ་རི་སོགས་ནི་གཞི་བདག་འདིའི་ཚབ་བྱེད་ཆོག་པའི་བསང་མཆོད་བྱེད་ས་ཁྱད་པར་ཅན་ཡིན་པར་གསུངས་སོ། །

དགེ་བསྙེན་བཞག་བྲག་ལ་གཏོར་མ་འབུལ་བ་བཞུགས་སོ་ཞེས་པ་ལས། མདུན་གྱི་ནམ་མཁར་འཇའ་སྤྲིན་སྣ་ཚོགས་གུར་ཁང་གི་དབུས་སུ་དགེ་བསྙེན་ཆེན་པོ་བཞག་བྲག་སྐུ་མདོག་དཀར་པོ་ཆིབས་སུ་ལྷ་གཡག་དཀར་པོ་ལ་བཅིབས་པ།   ཕྱག་གཡས་ན་ཡིད་བཞིན་གྱི་ནོར་བུ་དང་། གཡོན་པས་མདུང་དར་དཀར་པོ་འཛིན་པ། དབུ་ལ་དར་གྱི་ལ་ཐོད་དང་རིན་པོ་ཆེའི་སྲོག་ཞུ་བསྣམས་པ། སྐུ་ལ་ཟ་འོག་གི་བེར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  ཞི་བ་དང་འཛུམ་པའི་ཉམས་དང་ལྡན་ཞིང་འོད་དང་འོད་ཟེར་སྣ་ཚོགས་འཕྲོ་བ།   དེའི་མཐའ་བསྐོར་དུ་ཡུམ་ཆེན་ལྷ་མོ་བཞི།   ཕྱི་འཁོར་ནང་འཁོར་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ཕྱོགས་མི་ཉག་རབ་སྒང་གི་བསིལ་ལྡན་གངས་ཀྱི་རི་བོ་ནས་དགེ་བསྙེན་ཆེན་པོ་བཞག་བྲག་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ  ཞེས་སྐད་ཅིག་གིས་ཡེ་ཤེས་པ་རྣམས་མངོན་སུམ་དུ་མདུན་གྱི་ནམ་མཁར་སྤྱན་དྲངས།   ཞེས་པ་དང་།

 ཀྱཻ། ཡུལ་ལྷ་གཡང་ཆགས་དགེ་བཅུའི་དཔལ་འབར་ཞིང་། །སྲིད་ཞིའི་ཕུན་ཚོགས་མཐའ་དག་འདུ་པའི་གནས།  །རབ་སྒང་ཞེས་སུ་གྲགས་པའི་ལྗོངས་འདི་ཡི། །ཟོ་དོར་དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་གཙོ།  །སྲིད་པའི་ལྷ་རབ་གཉེན་པོ་དགེ་སྙེན་ཆེན། །ཞྭགས་ར་ལྷ་རྩེ་སྲས་བློན་བཙུན་མོ་དང་། །འཁོར་དང་ཡང་འཁོར་སྤྲུལ་པར་བཅས་པ་ལ།   །མཁའ་དབྱིངས་ཁྱབ་པའི་བསང་མཆོད་བདུག་སྤོས་སྤྲིན། །ཉེན་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་སོགས། །མཐོ་རི་དབང་པོའི་འབྱོར་པ་དང་མཚུངས་པ། །མི་ཟད་ནམ་མཁའི་མཛོད་ཀྱི་རང་བཞིན་དུ། །གུས་པས་འབུལ་བཞེས་དབྱེར་བས་རོལ་ནས་ཀྱང་། །རྣལ་འབྱོར་གདུང་བའི་དབྱངས་ལ་སྙན་གྱིས་གསོལ། །ཁྱེད་སྔོན་སློབ་དཔོན་པདྨ་སཾ་བྷ་ཝའི། །སྤྱན་སྔར་དབང་བསྐུར་བྱིན་རླབས་དམ་མནོས་ཤིང་། །སྣང་སྲིད་ཟིལ་གནོན་རྒྱལ་དབང་ཀརྨ་ཀ   །རིམ་པར་བྱོན་པའི་སྤྱན་སྔར་ཞལ་བཞེས་པའི།  །གཡར་དམ་ཟོལ་མེད་སྲུང་བའི་ལྷ་ཡི་ཕྱིར། །རྒྱལ་བསྟན་སྙིང་པོ་ཀརྨ་བཀའ་བརྒྱུད་ཀྱི། །རིང་ལུགས་འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ།  །བཤད་སྒྲུབ་ཉིན་བྱེད་འབར་བའི་གཟི་འོད་ནི།   །ཕྱོགས་ཀྱི་ཐ་གྲུ་ཁྱབ་པར་སྤེལ་ཞིང་དེས། །སྙིང་དུ་རྒུད་པའི་མུན་པ་རབ་ཞི་ནས། ། དགེ་ལེགས་རྫོགས་ལྡན་སྣང་བས་ཁྱབ་པར་མཛོད།  །བདག་ཅག་དཔོན་སློབ་ལྟོས་པར་བཅས་པ་ཡིས། །ཚེ་དཔལ་བསོད་ནམས་མངའ་ཐང་ཀླུང་རྟ་དང། །སྙན་གྲགས་སྒྲོག་པས་དཔལ་འབྱོར་དབུལ་འཕང་བསྟོད། །གཞི་བྱེས་ཀུན་ཏུ་ཆོས་སྲིད་ལུགས་གཉིས་ཀྱི། །བྱ་བ་གང་བརྩམ་འབད་མེད་མྱུར་འགྲུབ་སོགས། །མདོ་ན་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་པས།  །བརྟན་གཡོ་དགེ་མཚན་དཔལ་གྱི་གང་བར་མཛོད། །ཅེས་པ་ལྟར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བྲིས་པའི་ཐུགས་ཀྱི་སྐུའི་གནས་《མེ་ཉག་བཞག་བྲ་ལྷ་རྩེ་》ཞེས་པ་འདི་ནི།     བཞག་བྲ་ལྷ་རྩེ་རྒྱབ་ལྗོངས་སུ་བྱས་ནས་རང་བྱུང་མཛེས་ལྗོངས་དང་རིག་གནས་ལོ་རྒྱུས་ཀྱི་སྣང་ཚུལ་སྣ་ཚོགས་མངོན་པའི་ལྷུག་རྩོམ་ཞིག་རེད།      དེའི་ས་བཅད་བཀོད་སྟངས་དམིགས་བསལ་བ་དང་།      ཡུལ་ལྗོངས་ཀྱི་ཁྱད་པ་འབུར་དུ་ཐོན་པ།          ཚིག་ཉུང་དོན་འདུས་པ།     ཚོར་བ་གསོན་ཉམས་ལྡན་པའི་སྒོ་ནས་བཞག་བྲ་ལྷ་རྩེའི་མཛེས་སྡུག་མངོན་སུམ་དུ་ཐོན་པ་བྲིས་ཡོད་པ་རེད།        རྩོམ་པ་པོས་རང་བྱུང་གི་ཁམས་ཆེ་མོར་བཅངས་པའི་དགའ་ཞེན་གྱིས།       ཀློག་པ་པོ་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་ལ།       སྐྱེ་ཁམས་བཟང་བ་དང་།     གྲོང་གསེབ་དར་རྒྱས།    མང་ཚོགས་འབྱོར་ཕྱུག་བསྐྲུན་པ།    རྒྱུན་མཐུད་ཐུབ་པ་བཅས་ཀྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕོ་འགྱུར་གྱི་ལམ་བུ་ཡིན་པའང་རྟོགས་ཐུབ་པ་དང་།   བཞག་བྲ་ལྷ་རྩེདང་།        སྣག་རྡོའི་སྤྱི་གླིང་།    ལུང་བསྟན་རྩྭ་ཐང་དང་།        མགར་ཐར་བྱམས་པ་གླིང་།         འདྲ་པ་རོང་ཆེན་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་རྟའུ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཤིག་ཆགས་ཡོད།

དེའང་བཞག་བྲའི་མིང་ལ་བཞག་བྲག་དང་།     ཞྭགས་ར་སོགས་ཀྱང་ཡོད་པ་དང་།        མི་ཉག་གདུང་ར་དཀར་མོ་ཞེས་པ་དེང་མི་ཉག་རྡོ་ར་དཀར་པོ་ལ་ཟེར་གྱི་ཡོད་པ་རེད།       ཡང་བཞག་བྲ་ལྷ་རྩེའི་དགེ་བསྙེན་ནི་མི་དཀར་རྟ་དཀར་གཞོན་ནུའི་ཆ་བྱད་ཅན་ཞིག་ཡིན་པ་དང་།    དགེ་བསྙེན་ཆེན་པོ་བཞག་བྲག་སྐུ་མདོག་དཀར་པོ་ཆིབས་སུ་ལྷ་གཡག་དཀར་པོ་ལ་བཅིབས་པ་ཞེས་མཐོང་སྣང་མི་འདྲ་བ་གཉིས་ཡོད་པའོ།། །།



‍‍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1