༄༅། །ཁམས་སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར་མདོ་ཙམ་གླེང་བ།

བཀྲ་ཤིས་འཚོ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-05


    དང་པོ། ཁམས་སྡེ་དགེ་ཡུལ་གྱི་ཆགས་གནས།

    ཡོངས་གྲགས་སུ་ཁམས་ཞེས་པའི་མིང་བརྡ་འདི་ལ་ཚིག་གི་ངོས་སྟེང་ནས་བཤད་ན་མཐའི་རྒྱལ་ཕྲན་ནམ་ས་གཞི་ཆེན་པོ་དང་།ཡང་ན་གླིང་དང་གླིང་ཕྲན་ནམ་ས་གཞི་ཆེན་པོ་དང་།ཡང་ན་གླིང་དང་གླིང་ཕྲན་བཅས་འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་ལ།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《དེབ་དཀར》ནང་དུ།ཁམས་ནི་མཐའི་དོན་ལ་འཇུག་ཅེས་གསུངས་ཡོད་པས།ཁམས་ཁུལ་ནི་བོད་ཆེན་པོའི་སྐབས་སུ་ཡུལ་གྱི་ཆ་ནས་མཐའ་ན་གནས་པས་དེ་ལྟར་ཐོགས་པར་འདོད།སྐབས་དེ་དུས་ཀྱི་ཆགས་གནས་ཀྱི་ཁྱབ་ཁོངས་ཐད་ནས་བལྟས་ན་ཁམས་བྱ་བའི་མིང་འདི་ཡུལ་མིང་གི་ཆ་ནས་འབོད་པ་བཙན་པོའི་དུས་སྐབས་ནས་བྱུང་ཡོད་ནའང་།སྐབས་དེའི་ངོས་འཛིན་ནི་ད་ལྟའི་ཁམས་ཕྱོགས་ཙམ་ལ་གོ་བ་ཁོ་ན་མིན་ཏེ།མདོ་སྨད་ཕྱོགས་ལའང་ཁམས་ཀྱི་གཡར་མོ་ཐང་ཞེས་འབོད་པ་ལྟ་བུ་ཞེས་པ་ལྟར།ད་ལྟར་ཆུ་བཞི་སྒང་དྲུག་གི་ཡུལ་གྲུ་སྤྱིའི་མིང་གི་ཁམས་ཞེས་པ་འདི་ནི་དུས་ཕྱིས་སུ་བྱུང་བའི་མིང་ཡིན་པར་ལོ་རྒྱུས་ཡིག་ཆ་དག་ལས་རྟོགས་ཐུབ།སྤྱི་ལོ༡༩༤༩ལོའི་ཡར་སྔོན་གྱི་ཁམས་ཞེས་པ་ནི་སི་ཁྲོན་ལྷོ་ཕྱོགས་ཀྱི་གཡག་རྔ།ཞི་ཁྲང་།ཀན་ལོ།ཡོད་སྐྱིད།མོན་ལིང་།ཡན་ཡོན།མུ་ལི།བོད་ལྗོངས་ཆབ་མདོ།མཚོ་སྔོན་ཡུལ་ཤུལ།སི་ཁྲོན་དཀར་མཛེས།ཡུན་ནན་བདེ་ཆེན་བཅས་འདུས་པའི་ས་ཁོངས་ཀྱི་སྤྱི་མིང་ཡིན་ལ།དེང་སྐབས་ཀྱི་ཁམས་ཞེས་པ་ནི་བོད་ལྗོངས་ཆབ་མདོ།མཚོ་སྔོན་ཡུལ་ཤུལ།སི་ཁྲོན་དཀར་མཛེས།ཡུན་ནན་བདེ་ཆེན་དང་བཅས་པའི་ཡུལ་གྲུ་ཆེན་པོ་བཞི་ལས་མ་འདས་སོ། །

    དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་རྫ་ཟལ་མོ་སྒང་སྟེ་འབྲི་ཆུ་དང་རྫ་ཆུ་གཉིས་ཀྱི་བཞུར་རྒྱུན་དུ་ཆགས་པའི་སྡེ་དགེ་ནི་དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འོག་ཏུ་མངའ་བའི་རྫོང་ཁག་བཅོ་བརྒྱད་ཀྱི་ནང་གསེས་རྫོང་གཅིག་ཡིན།སྡེ་དགེ་ཞེས་པའི་ས་མིང་ཐོགས་ཚུལ་སྐོར་ལ《སྡེ་དགེ་རྒྱལ་རབས》ལས།སྒོམ་སྟོན་དམ་པ་བསོད་ནམས་རིན་ཆེན་ནི།གཙུག་ལག་ཟུང་གི་གཞུང་ལ་མཁྱེན་རབ་རྒྱས།ཡ་རབས་སྤྱོད་ཚུལ་མཛངས་པའི་ཡོན་ཏན་ལྡན།གང་དེས་བོད་ཀྱི་ཤཱཀྱ་ཐུབ་པ་ཆེ།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྐྱ་བ།འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་པད་དུ།བཅར་ཚེ་འཕགས་མཆོག་ཆོས་ཀྱི་རྒྱལ་པོ་ཡིས།ཞལ་ནས་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས།ཕྱུག་པའི་སྐྱེས་བུ་ཕེབས་ཞེས་བཀའ་སྩལ་བས།སྡེ་དགེ་ཞེས་པའི་མཚན་ཀྱང་དེ་ནས་ཐོགས།ཞེས་པ་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྡེ་དགེའི་རྒྱལ་རབས་ཉེར་དགུ་བ་བསོད་ནམས་རིན་ཆེན་ལ་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་བུ་ཞེས་རབ་མཐོའི་ལུང་རྟགས་སྩལ་ལ།དེ་ནས་སྡེ་དགེ་རྒྱལ་པོ་བསོད་ནམས་རིན་ཆེན་ཁོང་གིས་མངའ་མཛད་སྐབས་སྡེ་དང་བསྟན་སྲིད་ལ་དགེ་བ་འགྱུར་བས་ས་ཡུལ་གྱི་མིང་ཡང་སྡེ་དགེ་ཞེས་ཐོགས།སྡེ་དགེ་རྒྱལ་པོའི་རྒྱལ་རབས་ལ་རྒྱལ་རབས་ང་བཞི་(སྤྱི་ལོ༡༠༢༠ནས་སྤྱི་ལོ༡༩༥༠བར)བརྒྱུད་ཡོད་ལ།སྐབས་དེའི་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་སྡེ་དགེ་དང་འདན་ཁོག དཔལ་ཡུལ།སེར་ཤུལ།ཐང་ཕུག་བཅས་རྫོང་ཁག་ལྔ་ཡོད་ལ་དེའི་དུས་སུ་ཡུལ་གྲུ་འདི་ཚང་མའི་སྤྱི་མིང་ལ་སྡེ་དགེ་ཞེས་འབོད་པར་གྲགས།དེའང་འདིར་བརྗོད་པའི་ཁམས་སྡེ་དགེ་ཞེས་པ་ནི་དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འོག་ཏུ་མངའ་བའི་སྡེ་དགེ་རྫོང་ཁོ་ན་ལ་གོ་དགོས་པ་ཡིན་ཞིང་།ད་ལྟའི་སྡེ་དགེ་རྫོང་ཁོངས་སུ་ཆོས་ལུགས་ཀྱི་ཕྱོགས་ནས་བོན་དགོན་གྱི་གཙོ་གནས་སུ་བརྩི་བའི་སྟེང་ཆེན་དགོན་དང་།རྙིང་མ་བའི་མ་དགོན་དུ་འཇོག་པའི་རྫོགས་ཆེན་དགོན་པ་དང་ཞེ་ཆེན་དགོན་པ།དེ་མིན་ས་སྐྱ་བའི་གཙོ་གནས་དགོན་ཆེན་དགོན།བཀའ་བརྒྱུད་པའི་གཙོ་གནས་དཔའ་སྤུངས་དགོན་དང་བཅས་དགོན་པ་ཆེ་ཆུང་དྲུག་ཅུ་ལྷག་ཡོད་པ་དང་།ཡུལ་ཁམས་འདི་ན་འཚོ་བའི་མི་རྣམས་ཀྱི་སེམས་ཁམས་དང་ཡུལ་གཤིས་ལ་མཐུན་པའི་རིག་གནས་འབོར་ཆེན་ཞིག་མངའ་བ་མ་ཟད།ཤིན་ཏུ་ནས་བརྗོད་རིན་ཡོད་པ་དང་གླེང་རིན་ཡོད་པ་ནི་སའི་གོ་ལའི་སྟེང་ནའང་ཆེས་ཆེར་དཀོན་པའི་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ལྟ་བུའི་སྡེ་དགེ་པར་ཁང་ཆེན་མོ་དང་།བོད་གངས་ཅན་གྱི་ཡུལ་ལམ་ཡང་ན་འཛམ་གླིང་གི་རིག་པའི་དགའ་ཚལ་དུ་སྙན་པའི་གྲགས་ཆ་གཡོ་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་མི་སྣ་གཙོ་བོ་སྐྱེས་མཆོག་དམ་པ་ཇོ་རུ་སྐུ་ཉིད་ཀྱི་འཁྲུངས་ས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ཡོད་པ་དེ་ཡིན་ནོ། །

    གཉིས་པ།ཁམས་སྡེ་དགེ་ཡུལ་གྱི་གེ་སར་ངག་རྒྱུན།

    ལར་ངག་རྒྱུན་ཟེར་བ་ནི་རྒྱ་ཆེ་བ་མི་དམངས་མང་ཚོགས་ཐུན་མོང་གིས་ངག་ཐོག་གི་སྒྱུ་རྩལ་ལ་བརྟེན་ནས་ལོ་རྒྱུས་ཐོག་དངོས་བྱུང་མི་སྣ་དང་དོན་རྐྱེན་གལ་ཆེན།ས་གནས་ཡུལ་ལྗོངས་དང་འབྲེལ་ཡོད་བྱུང་ཚུལ་དེ་རྟོགས་བཏགས་དང་འཕྲུལ་སྣང་གི་སྒོ་ནས་འགྲེལ་བ་བྱེད་པའི་གཏམ་རྒྱུད་ཀྱི་རིགས་ཤིག་ཡིན་ལ།དེ་ནི་ལྷ་སྒྲུང་རྐྱང་རྐྱང་མ་ཡིན་པར་ལོ་རྒྱུས་རང་བཞིན་ལྡན་པ་དང་།ལོ་རྒྱུས་ཏག་ཏག་ཀྱང་མ་ཡིན་པར་མི་རྣམས་ཀྱིས་རང་གི་འདོད་བློ་ལྟར་བཅོས་བསྒྱུར་དང་རྟོགས་བཟོ།སྒྱུ་རྩལ་གྱི་ལས་སྣོན་བྱས་ཡོད་པ་ཞིག་ཡིན་པར་འདོད།

བོད་གངས་ཅན་ལྗོངས་སུ་སྟོད་ཀྱི་མངའ་རིས་སྐོར་གསུམ་ནས་བར་གྱི་དབུས་གཙང་རུ་བཞི།སྨད་ཀྱི་མདོ་ཁམས་སྒང་དྲུག་གི་འཛིན་མའི་ཁྱོན་ཡོངས་སུ་གེ་སར་སྒྲུང་གི་ངག་རྒྱུན་ནི་ཆུ་བོ་རིང་མོའི་རྒྱུན་ལྟར་ཟམ་མ་ཆད་པར་བྱུང་ཡོད་དེ།གེ་སར་རྒྱལ་པོ་དང་དཔལ་ཐུལ་སུམ་ཅུའི་མི་ཚེ་གང་བོའི་དཔའ་རྩལ་བརྗོད་པའི་ངག་རྒྱུན་དང་།ཤུལ་རྟེན་རིག་གནས་ནི་བོད་ཡུལ་གྲུ་ཀུན་ན་རབ་དང་རིམ་པ་ཞིག་ཨ་ཆུང་རྣ་ལ་གོ་རྒྱུ་དང་ཁྲ་ཆུང་མིག་ལ་ལྟ་རྒྱུ་ཡོད་པ་ཡིན་ལ།དེའང་ཁམས་སྡེ་དགེ་ལ་མཚོན་ན་ཡོངས་གྲགས་སུ་ཐོས་ན་སྤྲོ་བ་འབུམ་གྱིས་བརྟག་ཤིང་དཔྱད་ན་ལོ་རྒྱུས་དོན་སྙིང་རླབས་ཆེན་ལྡན་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ངག་རྒྱུན་རབ་དང་རིམ་པ་ཇི་སྙེད་པ་ཞིག་ཡོད་ཀྱང་།ངག་རྒྱུན་དེ་དག་རིགས་དང་རྣམ་པའི་ཆ་ནས་དབྱེ་ཞིབ་བྱས་ན་མི་སྣའི་ངག་རྒྱུན་དང་།ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་ངག་རྒྱུན་དང་།ས་གནས་ཡུལ་ལྗོངས་དང་འབྲེལ་བའི་ངག་རྒྱུན་དང་།ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན་བཅས་རིགས་བཞི་རུ་དབྱེ་ནས་གླེང་ཆོག་པར་འདོད་དོ། །

    1.མི་སྣའི་ངག་རྒྱུན།མི་སྣའི་ངག་རྒྱུན་ནི་ལོ་རྒྱུས་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་གི་བྱུང་བ་དང་མཛད་རྗེས་གཙོ་བོ་སྟོན་པའི་ངག་རྒྱུན་དེ་ལ་འཇུག་པ་ཡིན་ཏེ།དེ་ཡང《འཁྲུངས་གླིང་མེ་ཏོག་ར་བ》ནང་དུ།ས་འདི་སྐྱིད་སོས་ཡག་གི་མདོ།ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད།བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད།སྤང་གཉིས་བལ་སྟན་བཏིང་འདྲ་ཡོད།བྲག་སྦལ་བ་འདྲ་བའི་རྩ་བ་རེད།ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད།ལྷ་པད་མའི་ལུང་བསྟན་ཐོབ་ས་རེད།རྒྱབ་རི་ལྷ་རྩེ་རྒོད་པོ་ཡོད།མདུན་རི་རི་བཞི་རྟ་ནག་ཡོད།གཡས་རི་བྲག་སྔོན་གཡུ་རྩེ་ཡོད།གཡོན་རི་རྫ་གདོང་ངུར་པ་ཡོད།ཅེས་བཀོད་པ་འདི་ཁམས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་དུ་ས་ཁམས་རི་མོ་བཞིན་མངོན་སུམ་དུ་ཆགས་ཡོད།འདིར་གེ་སར་རྒྱལ་པོའི་ངག་རྒྱུན་ཤིན་ཏུ་མང་པོ་ལས་འཁྲུངས་རབས་ཀྱི་སྐོར་ལ།ཐོག་མར་ཨ་མ་འགོག་བཟའ་སེང་བློན་དང་མཉམ་དུ་གཟིམ་པ་རྨི་ལམ་དུ་གསེར་གྱི་གོ་འཁྲབ་ཅན་གྱི་སྐྱེས་བུ་ལྟ་ན་སྡུག་པ་ཞིག་དང་ཉལ་བ་རྨིས།དེ་ནས་སྟག་ལོ་རྒྱལ་ཟླའི་ཚེས་བཅོ་ལྔ་ཉིན་འགོག་མོའི་སྦྲ་གུར་འཇའ་ཚོན་སྣ་ལྔས་སྤྲོས་ཤིང་།འགོག་བཟའི་ལུས་ཕུང་ན་གཟེར་གྱིས་མ་བཟོད་ནས་བྲག་སྦལ་བ་འདྲ་བའི་རྩ་བ་ན་ཤེས་ཅི་ནུས་ཀྱིས་རྡོག་རྫིས་བྱས་པས་ད་ལྟ་བྲག་དེ་གས་སྲུབས་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན་པར་གྲགས།དེ་ནས་མོ་ལ་ལོ་གསུམ་གྱི་སྐུ་གཟུགས་ལྡན་པའི་ཞི་ལི་ཁྲ་རིས་མ་ཞིག་འཁྲུངས་།ཁོང་ཞག་གཅིག་མ་ལོན་གོང་དུ་ཐམས་ཅད་མཁྱེན་པའི་མངོན་ཤེས་ལྡན་པར་གྲགས་ལ།སྐབས་དེར་ས་ཆ་དེ་གར་མི་ཡི་མིག་གིས་མི་མཐོང་བའི་བདུད་ཀྱི་བྱ་ཁྲ་སྤུན་གསུམ་ཡོད་པ་སྐབས་རེར་ལུས་ཕུང་གནམ་ལ་ཁེབས་པ་དང་སྐབས་རེར་མཐེ་བོང་ཙམ་དུ་སྤྲུལ་ཏེ་ཆོས་མཛད་རྣམས་ཀྱི་ཚེ་སྲོག་ལ་གནོད་འཚེ་བྱེད་བཞིན་ཡོད་པ་དང་།ཉིན་དེར་དགྲ་ལྷ་ཝེར་མ་སོགས་ཀྱིས་བཀུགས་ནས་བར་སྣང་དུ་ལྡིང་སྐོར་བྱེད་བཞིན་ཡོད་པ་དེ་ཞག་གཅིག་མ་ལོན་པའི་ཞི་ལིས་མཁྱེན་ཏེ་དེ་མ་ཐག་མདའ་གཞུ་ཞིག་སྤྲུལ་ནས་ནམ་མཁའ་གཏད་ནས་འཕངས་པས་བྱ་རོ་གསུམ་ཐང་ལ་ལྷུང་བར་གྲགས།

    སྡེ་དགེ་ཨ་ཕྱུག་རྩྭ་ཐང་གེ་སར་ལྷ་ཁང་གི་མདུན་དུ་ཇོ་རུ་འཁྲུངས་དུས་ཀྱི་ལྟེ་ཁྲག་འཕོས་ཤུལ་དང་ཞི་ལི་ཁྲ་རིས་མས་བདུད་ཀྱི་བྱ་ཁྲ་སྤུན་གསུམ་བཏུལ་སྐབས་སྐུ་གཅེར་བུར་བྲག་སྟེང་དུ་བཞུགས་པས་རྡོ་ངོར་བྱིས་པ་ལོ་གསུམ་ཙམ་གྱི་བརླ་དང་ཚང་རའི་རྗེས་ཤུལ་ཁྱད་མཚར་ཅན།ད་དུང་ཨ་ཕྱུག་ས་ཆའི་སྐྱིད་སྨད་ན་སྐྱིད་སྨད་ལུང་ཕྱུག་མོར་ཨན་དིང་རུ་གཏིབ་འོག་ཏུ་བཏང་ཤུལ་དང་།ཨ་ཕྱུག་ཉེ་འགྲམ་ཡ་དིང་གི་རྫ་ཆུའི་འགྲམ་ན་སྲིན་མོ་བུ་ཟན་འདུལ་ཤུལ།སྟག་རྒན་ས་ཆར་སྲིན་པོས་བྱིས་ཆུང་མིད་པའི་འཕྲང་ལམ་ན་ལྕགས་ཀྱུས་སྲིན་པོ་བསྒྲལ་ས།ཇོ་རུ་མ་བུ་སྦྲུལ་མགོ་མདའ་ལ་བཞུགས་ཤུལ་དང་རྒྱ་བཟའི་སྦྲ་མལ།ལྷ་རྟ་རྐྱང་བུའི་རྨིག་རྗེས།སྐྱིད་ཀྱི་ལུང་བ་བཅུ་གསུམ་གྱི་ཆུ་རྒྱུན་དང་ལུང་བ་ཁ་ཕྱོགས་གྱུར་ས་སོགས་ད་ལྟར་མངོན་སུམ་སྟོན་རྒྱུ་ཡོད།གཞན་ཡང་ཇོ་རུའི་ལྟེ་ཁྲག་འཕོས་ཤུལ་གྱི་གམ་དུ་ཚེར་སྡོང་ཞིག་ཡོད་ལ་དབྱར་ཁར་སྐྱུར་མངའ་ཅན་གྱི་ཚེར་ཏོག་མང་པོ་སྐྱེས་ཡོད་པ་དེ་སྦྲུམ་ཆགས་པའི་སྐྱེས་མས་ཟོས་ན་བུ་གུ་སྐྱེས་ཐུབ་ཅེས་ཀྱང་ཟེར་སྲོལ་ཡོད།

    2.ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་ངག་རྒྱུན།ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་ངག་རྒྱུན་ནི་ལོ་རྒྱུས་ལ་དངོས་སུ་བྱུང་བའི་དོན་རྐྱེན་གྱི་སྟེང་ལ་སྒྱུ་རྩལ་གྱིས་ལས་སྣོན་བྱས་པ་སྟེ།ཁམས་སྡེ་དགེ་ས་ཆའི་གཏམ་དཔེ་ལ།གནམ་ལ་ཉི་ཟླ་སྐར་གསུམ།ས་ལ་སེང་བློན་བུ་གསུམ་པ་ཞེས་པ་ལྟར།ཡོངས་གྲགས་སུ་གེ་སར་རྒྱལ་པོ་ནི་སྐུ་ན་ཆུང་དུས་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་དཔའ་བོ་ཞིག་ཡིན་པ་མ་ཟད།སློབ་དཔོན་པད་མ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་ཕྱིར་སྤྲུལ་བསྒྱུར་སྣ་ཚོགས་ཤེས་ལ།ད་དུང་བྱམས་དང་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པར་གྲགས།དེང་སྡེ་དགེ་རྫོང་ཨོ་སྒང་ཤང་ལ་སྨུག་རི་མཚོ་ཞེས་པའི་མཚེའུ་ཆུང་ངུ་ཞིག་ཡོད་པ་དེ་ནི་སྔོན་ཆད་གླིང་ཚང་གི་བླ་མཚོ་ཡིན་ལ་སྐབས་དེར་མཚེའུ་ཙམ་གྱིས་མི་ཚད་པར་མཚོ་ཆེན་པོ་མཐའ་ཡས་པ་ཞིག་ཡིན་པར་བཤད།ཉིན་ཞིག་ཀླུ་བདུད་ཅིག་གི་སྤྲུལ་བ་དུག་སྦྲུལ་ཆེན་པོ་ཞིག་སྐོམ་པས་མ་བཟོད་ནས་མཚོ་ཁར་ནུར་ཏེ་འཐུང་འགོ་བརྩམས་པ་ན། མཚོ་དེ་སྐད་ཅིག་ཉིད་དུ་ཇེ་ཉུང་དུ་ཕྱིན་ནས་མཚེའུ་ཆུང་ངུ་ཙམ་ལས་མ་ལུས།ཚུལ་དེ་ཇོ་རུས་མཐོང་མ་ཐག་ཏུ་སྤྲུལ་བ་བསྒྱུར་ཏེ་རྡོ་དཀར་གྱི་ཆར་བ་ཆེན་པོ་ཕབ་པས་དུག་སྦྲུལ་བཏུལ། དུག་སྦྲུལ་དེ་བྲག་རྡོ་ཞིག་ཏུ་གྱུར་བར་གྲགས་ལ་ད་ལྟ་མཚེའུ་འགྲམ་དུ་ཡོད་པའི་བྲག་རྡོ་ཁྱད་པར་ཅན་དེ་ཡིན་ཞེས་བཤད།མཚེའུ་མཐའ་སྐོར་ལ་རྡོ་དཀར་མང་པོ་མཐོང་རྒྱུ་ཡོད་པ་དེ་ནི་གེ་སར་རྒྱལ་པོས་ཕབ་པའི་རྡོ་ཡི་ཆར་བ་ལ་ངོས་འཛིན།མཚེའུ་ཕ་རོལ་གྱི་ཐང་སྟེང་དུ་ས་ཤུལ་ཁྱད་མཚར་ཅན་ཞིག་ཡོད་པ་དེ་དུག་སྦྲུལ་ནུར་ཤུལ་ཡིན་ཞེས་བཤད།

    3.ས་གནས་ཡུལ་ལྗོངས་དང་འབྲེལ་བའི་ངག་རྒྱུན་ནི་ས་གནས་སོ་སོའི་ཡུལ་ལྗོངས་དང་རི་ཆུ་གྲགས་ཅན་གྱི་འབྱུང་ཁུངས་དང་མིང་ཐོགས་ཚུལ་བརྗོད་བྱ་བྱས་པ་སྟེ།སྡེ་དགེའི་དམངས་ཁྲོད་དུ་འདི་ལྟ་བུའི་གཏམ་རྒྱུད་ཡོངས་གྲགས་ཤིག་ཡོད།ཉིན་ཞིག་ལ།གེ་སར་རྒྱལ་པོ་ས་སྟོང་ལུང་སྟོང་ཞིག་གི་སྤང་ཐོག་ཏུ་རྟ་རྒྱུག་བྱེད་སྐབས་བམས་དབང་མེད་པར་རྟའི་རྨིག་པས་སྤང་ཐོག་ཏུ་རྒྱུགས་བཞིན་པའི་ཨ་བྲ་ཞིག་བརྗིས་ཏེ་བསད།གེ་སར་རྒྱལ་པོས་ཐུགས་མ་བཟོད་པར་ཞལ་ནས་མ་ཎི་བཏོན་ཏེ་ཨ་བྲ་དེ་དག་པའི་ཞིང་ལ་དྲངས།དེ་དུས་གློ་བུར་དུ་རྡོ་ཕ་བོང་ཞིག་གི་སྟེང་ལ་མ་ཎི་འབྲུ་དྲུག་རང་བྱོན་དུ་བྱུང་བས་ས་དེའི་མིང་ཡང་མ་ཎི་གད་འགོ་ཞེས་ཐོགས་པར་གྲགས།དེའི་ཐག་ཉེ་ས་ན་ཡིད་ལྷུང་ལྷ་མཚོ་ཡོད་པ་དང་།དེ་ནི་གེ་སར་རྒྱལ་པོ་བྱང་ཕྱོགས་ཡུལ་དུ་བདུད་འདུལ་བར་ཕེབས་རྗེས།སེང་ལྕམ་འབྲུག་མོ་ཉིན་གང་བོར་བསྡད་དེ་སུན་ནས་ཉིན་ཞིག་ལ་ཡར་མར་དུ་འཆམ་འཆམ་དུ་ཕེབས།མ་ཎི་གད་འགོ་ནས་ཡར་ཙམ་སོང་རྗེས་མཚོ་དྭངས་ཤིང་བསིལ་ལ་མཛེས་སྡུག་ལྟ་ན་སྡུག་པ་ཅན་མཐོང་ནས།འབྲུག་མོའི་ཡིད་སེམས་དབང་མེད་དུ་ཤོར་སོང་།གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བྱོན་རྗེས་མོར་སྡུག་གིས་མནར་ཏེ་ཡུན་རིང་འཁྲུས་མ་བྱས་ལ་ཉིན་དེར་མོས་མཚོ་འགྲམ་དུ་གནག་ཅིང་སྣུམ་པའི་སྐྲ་ལོ་འཁྲུས་ཏེ་ཤད་ནས་བསྡད།དེའི་སྐབས་སུ་མོས་སླར་ཡང་ཁྱོ་བོ་གེ་སར་དབང་མེད་དུ་ཡིད་ལ་ཤར་ནས་དྲན་གདུང་གིས་མ་བཟོད་པར་མིག་ཆུ་ཟིམ་ཟིམ་ཐོར་བས།

    མིག་ཆུ་ཐིགས་པ་རེ་རེ་བཞིན་མཚོ་ནང་དུ་ལྷུང་ནས་ཁ་དོག་སྣ་མང་ཅན་གྱི་ཉ་མོ་མང་པོར་གྱུར།མཚོ་དེ་འབྲུག་མོའི་ཡིད་དབང་འཕྲོག་ས་ཡིན་རྐྱེན་ཡིད་ལྷུང་ལྷ་མཚོ་ཞེས་ཐོགས་པར་གྲགས་པ་དང་།ད་ལྟ་མཚོ་ནང་དུ་སེར་དམར་སྔོ་ལྗང་ཅན་གྱི་ཉ་མོ་མང་པོ་ཡོད་ལ།མི་རྣམས་ཀྱིས་མཚོ་དེ་ལྷ་མཚོ་དང་ཉ་དེ་ལྷ་ཉར་བཀུར་ནས་ཉ་མོ་མི་འཛིན་ལ་འཛིན་ཡང་མི་ཆོག གལ་ཏེ་ཉ་འཛིན་པ་མཐོང་ཚེ་ཡུལ་དེ་གའི་སྐྱེ་བོ་རྣམས་ཡོང་ནས་ཆད་པ་ནན་མོ་ཞིག་གཅོད་ངེས་ཡིན།

    ༤.ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན།ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན་ནི་མིའི་འགྲོ་འདུག་བཟའ་བཏུང་དང་ཡུལ་སྲོལ་གོམས་ལུགས་ལ་སོགས་པར་འབྲེལ་ནས་བརྗོད་པའི་ངག་རྒྱུན་ལ་ཟེར་བ་ཡིན་ལ།དེའང་སྡེ་དགེ་ཨོ་སྒང་ཤང་གི་གེ་སྒང་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་ཡོད་པ་དེ་ནི་སྔོན་ཆད་གླིང་ཚང་གི་རྟ་རྒྱུགས་འགྲན་ས་ཡིན་ཞེས་བཤད་ལ།རྩྭ་ཐང་ཡངས་མོ་འདིའི་སྟེང་དུ་གླིང་གེ་སར་རྒྱལ་པོས་གཙོར་མཛད་པའི་གླིང་གི་ཕུ་ནུ་ཐམས་ཅད་དང་།སྟག་རོང་ཤོག་ཆེན་བཅོ་བརྒྱད།འདན་མ་ཁྲི་སྐོར་བཅུ་གཉིས་ཀྱི་དཔའ་བོ་ཚང་མ་འཛོམས་ཏེ་འདོ་བ་རྟ་མཆོག་རྣམས་ཀྱི་བང་རྩལ་འགྲན་ས།ཕྱིས་སུ་སྡེ་དགེ་རྒྱལ་པོའི་གཉེར་ཆེན་བྱ་རྒོད་སྟོབས་ལྡན་ལགས་ཀྱིས་གླིང་གི་དཔའ་བོ་རྣམས་ཀྱི་བང་རྩལ་རྗེས་དྲན་གྱི་ཆེད་དུ་ལོ་རེའི་བོད་ཟླ་ལྔ་བའི་ཛེས་བཅོ་ལྔ་ཉིན་ཡིད་ལྷུང་ཤོག་ཁག་བཅོ་བརྒྱད་ཀྱི་སྐྱེས་པ་ཐམས་ཅད་འདི་གར་འཛོམས་ཏེ་རྟ་རྒྱུགས་བྱེད་པའི་སྲོལ་བཏད།ད་ལྟའང་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ནི་རྟ་རྒྱུགས་ཀྱི་དུས་ཆེན་དུ་ཆགས་ཏེ་ཡིད་ལྷུང་ཤོག་ཁག་བཅོ་བརྒྱད་ཀྱི་མི་རྣམས་ཀྱིས་རང་ཚོའི་རྟ་རྒོད་ཞོན་ཏེ་བང་རྩལ་འགྲན་ལ།རྟ་རྒྱུགས་ཨང་དང་པོ་ཐོབ་མཁན་ལ་ཁོ་རེ་ཁྱེད་དེ་རིང་ཇོ་རུ་ཇོ་སྐྱིད་ཀྱི་གཟི་བྱིན་འདྲ་ལེ་ཡོད་ཅེས་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་དང་བཅས་མི་རྟ་གཉིས་ཀར་དར་དཀར་པོས་གཡོགས་པ་དང་།ཡང་ཆེས་ཐ་མ་དེ་ལ་ཁོ་རེ་ཁྱེད་དེ་རིང་ཨ་ཁུ་ཁྲོ་ཐུང་ཁྲོ་ཁ་ཕུད་ལེ་འདྲ།ཧ་ཧ།ཧོ་ཧོ་ཞེས་ཀི་རྒྱག་སྲོལ་མཆིས།དེ་མུར་ཉིན་གང་བོར་གླུ་ལེན་བྲོ་འཁྲབ་ཀྱི་ལྟད་མོ་རྒྱ་ཆེན་སྤེལ་བ་རེད། ད་དུང་ཡུལ་སྲོལ་གོམས་གཤིས་ཀྱི་ངག་རྒྱུན་ཞིག་ཡོད་དེ།སེང་ལྕམ་འབྲུག་མོའི་མཛེས་སྡུག་ནི་བོད་རིགས་བུ་མོ་ཡོངས་ཀྱི་གཙུག་རྒྱན་ལྟ་བུ་ཡིན་ལ།གེ་སར་རྒྱལ་པོ་བདུད་ཡུལ་དུ་བྱོན་རྗེས།ཧོར་གུར་དཀར་རྒྱལ་པོས་བཙན་གྱིས་འབྲུག་མོ་འཕྲོགས།འབྲུག་མོས་རང་གི་སྐྱེས་གཟུགས་ཀྱིས་གེགས་འཁྱེར་བ་རེད་སྙམ་ནས་ཕྱིན་ཆད་བུ་མོ་ཐམས་ཅད་ཀྱི་སྐྱེས་གཟུགས་དེ་ངའི་རྐང་པའི་ཕྱི་རྟིང་ལ་ཡང་འགྲན་མི་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་གྲུབ་པས་ཕྱིས་སུ་བུ་མོ་ཐམས་ཅད་ཀྱི་སྐྱེས་གཟུགས་ཇི་ལྟར་མཛེས་ཀྱང་འབྲུག་མོའི་རྐང་པའི་ཕྱི་རྟིང་གཡར་འོང་ཞེས་བཤད་སྲོལ་ཡོད་པས་ཉིན་དེར་མནའ་མས་ཆེད་ལྷག་གིས་ཁྲུས་དག་དང་མཛེས་སྤྲོས་བྱེད་སྲོལ་ཡོད།དེའི་རྐྱེན་གྱིས་ད་ལྟ་སྡེ་དགེའི་ས་ཆ་ཁ་ཤས་སུ་བུ་མོ་ཞིག་ལ་སྐྱེས་གཟུགས་མཛེས་པོ་འདུག་ཅེས་བསྟོད་བསྔགས་བྱེད་སྐབས་ཁྱེད་ངོ་མ་འབྲུག་མོའི་ཕྱི་རྟིང་འདྲ་ལེ་རེད་ཅེས་ཟེར་སྲོལ་ཡོད།

    གསུམ་པ། ཁམས་སྡེ་དགེ་ཡུལ་གྱི་གེ་སར་ངག་རྒྱུན་གྱི་ཁྱད་ཆོས།

    བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་པ་ལྟར།གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཁམས་ཡོངས་སུ་ཁྱབ་པའི་སྒྲུང་རབས་ཆེན་མོ་ཞིག་ཡིན་ཕྱིན།སྤྱིའི་ཆ་ནས་མི་འདྲ་ས་མེད་མོད།ཡང་ཞིབ་ཏུ་བལྟས་ན་ས་ཁུལ་སོ་སོ་དང་སྒྲུང་བ་སོ་སོའི་བཤད་པའི་སྒྲུང་གཏམ་ལ་རང་རང་གི་ཁྱད་ཆོས་ཡོད་པ་ཇི་བཞིན་དུ།ཁམས་སྡེ་དགེའི་ཡུལ་གྱི་གེ་སར་ངག་རྒྱུན་ལའང་ཐུན་མིན་གྱི་ཁྱད་ཆོས་རེ་གཉིས་ཡོད་པར་སེམས་ལ།

    བུ་མོ་བདག་གིས་ལྟ་ཚུལ་ན་གཤམ་གྱི་ཁྱད་ཆོས་འདི་དག་ཡོད་དེ།

    གཅིག བརྗོད་བྱེད་ཚིག་གི་ཆ་ནས་བཤད་ན།གཏམ་རྒྱུད་ཀྱི་མགོ་ནས་མཇུག་བར་ཚིགས་བཅད་དང་སྙན་ངག་གང་གིས་ཀྱང་མ་སྤྲོས་པར་གོ་བདེ་བའི་ངང་བཤད་པའི་རྣམ་པ་ནི་ངག་རྒྱུན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན།གཞན་ཡང་མི་རྣམས་ཀྱིས་ངག་རྒྱུན་ནང་གི་མི་སྣ་དེར་དགའ་སྡང་ལྟར་མིང་འབོད་ཚུལ་ཡང་མི་འདྲ་ས་མངོན་ཏེ།དཔེར་ན།ཨ་མ་འགོག་བཟའ།ཁྱོ་བོ་གེ་སར་ཞེས་པ་ལྟར་རང་དང་ཉེ་བའི་རིགས་སུ་འཇོག་པ།ཡང་ཁྲོ་ཐུང་ལྟ་བུ་ལ་ཁྲོ་ཐུང་ཁྲོ་ཁ་ཕུད་ལེ་ཞེས་ཟུར་ཟ་དང་བཅས་བཤད་པ་ལྟ་བུའོ།།

    གཉིས། བརྗོད་བྱའི་དོན་གྱི་ཆ་ནས་བཤད་ན་ནང་དོན་ཕུན་སུམ་ཚོགས་ལ་དོན་སྙིང་རླབས་ཆེན་ལྡན་པ།ངག་རྒྱུན་དང་པོ་ཨ་ཕྱུག་རྩྭ་ཐང་དུ་གེ་སར་འཁྲུངས་རབས་བརྗོད་པ་ནི་མི་སྣའི་ངག་རྒྱུན་ཡིན་ལ།ངག་རྒྱུན་དེའི་ནང་གེ་སར་རྒྱལ་པོ་མི་ཡུལ་དུ་བྱོན་ཚུལ་ཁྱད་མཚར་ཅན་དེ་གཏམ་རྒྱུད་ལ་སྦྱར་ནས་མི་སྣའི་ལོ་རྒྱུས་བརྗོད་ཡོད།དེ་ནི《འཁྲུངས་གླིང་མེ་ཏོག་ར་བ》ནང་གི་གེ་སར་རྒྱལ་པོའི་བྱོན་རབས་དང་ཅུང་མི་འདྲ་ས་མཆིས་ཏེ།སྒྲུང་ཡིག་ཏུ་འགོག་བཟའ་ལ་ན་ཟུག་ཅི་ཡང་མེད་པར་བདེ་ཐང་ངང་ཇོ་རུ་འཁྲུངས་པར་བརྗོད་ཡོད་ལ།མི་རྣམས་ཀྱི་ངག་རྒྱུན་དུ་འགོག་མོར་ན་ཟུག་གིས་མ་བཟོད་ནས་ཤེད་ཅི་ནུས་ཀྱིས་བྲག་རྡོ་དེ་ལ་རྡོག་རྫིས་བྱས་པས་བྲག་རྡོར་གས་སྲུབས་བྱུང་བར་བཤད།དེས་ཇོ་རུའི་ལྟེ་ཁྲག་འཕོ་སའི་གནས་བྲག་སྦལ་བ་འདྲ་བའི་རྩ་བ་དེར་ད་ལྟ་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་གས་ཁ་ཆེན་པོ་དེ་ལ་འཕྲུལ་རྟགས་རང་བཞིན་གྱིས་འགྲེལ་བ་བྱས་ཡོད་ལ།དུས་རྒྱུན་གྱི་འཚོ་བའི་གནས་ཚུལ་དང་ཧ་ཅང་ཐག་ཉེ་བ་ཞིག་ཏུ་སྣང་སྟེ་ལྷག་པར་དུ་མི་རྣམས་ལ་ཡིད་ཆེས་བརྟན་པོ་འཇོག་པའི་ནུས་པའང་ཐོན་ཡོད།

    དེ་བཞིན་དུ་ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་ངག་རྒྱུན་ལ་མཚོན་ན།གེ་སར་རྒྱལ་པོས་རང་གི་མི་ཚེ་གང་བོར་བཙན་པོ་གཉའ་ནས་གནོན་པ་དང་ཉམ་ཆུང་མཐའ་ནས་སྐྱོབ་པའི་བྱས་རྗེས་བླ་ན་མེད་པ་སྤེལ་ཡོད་ལ། ཁོང་གི་མཛད་པ་དེ་མི་རྣམས་ཀྱིས་བོད་མིའི་འཚོ་བའི་ནང་དུ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་དེ། མི་རྣམས་ཀྱིས་རྟོགས་བཏགས་དང་འཕྲུལ་སྣང་ལ་སྦྱར་ནས་ཁོང་གི་མཛད་པ་ལ་བསྟོད་བསྔགས་བྱས་ཡོད། དེ་ནི་ལོ་རྒྱུས་ཐོག་གི་དངོས་བྱུང་མི་སྣ་གེ་སར་རྒྱལ་པོའི་གཟུགས་བརྙན་ལ་ལས་སྣོན་བྱས་པ་ཞིག་ཡིན་པས།ལོ་རྒྱུས་རང་བཞིན་ངེས་ཅན་ཞིག་ལྡན་ཡོད། སྤྱིར་ངག་རྒྱུན་ཁྲོད་ཀྱི་མི་སྣ་དེར་གཟུགས་བརྙན་འབྲི་བཞེངས་དང་སེམས་ཁམས་ཞིབ་འབྲི་སོགས་གཙིགས་སུ་བཟུང་མེད་ལ།རབ་བཏགས་དང་སྐུར་འདེབས་ཀྱི་ཐབས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་པ་དང་། མི་སྣའི་སྤྱོད་ལམ་ཞིབ་འབྲི་བྱས་པ་བརྒྱུད་དེ་མི་སྣའི་གཤིས་རྒྱུད་ཀྱི་ཁྱད་ཆོས་གསལ་བོར་མཚོན་པ་ཞིག་ཡིན་ཏེ། དྲང་ཕྱོགས་ཀྱི་མི་སྣ་ཚང་མ་ཕུགས་འདུན་ཅན་དང་འཇིག་རྟེན་གྱི་ནུས་པ་ལས་ཡོངས་སུ་བརྒལ་བ་དག་ཡིན་དགོས། དེའང་གེ་སར་རྒྱལ་པོའི་གཟུགས་བརྙན་བརྩམས་སྒྲུང་དང་མི་འདྲ་བར་ལེགས་པར་འབྲི་བཞེངས་དང་སེམས་ཁམས་ཞིབ་འབྲི་བྱས་མེད་ལ། ཁོང་གིས་སྒྱུ་འཕྲུལ་གྱིས་དུག་སྦྲུལ་ཆེན་པོ་བཏུལ་བ་དང་རྣམ་ཤེས་དག་ཞིང་ལ་དྲངས་པ་སོགས་གཏམ་རྒྱུད་དེ་གེ་སར་རྒྱལ་པོ་ནི་དཔའ་མཛངས་རྟུལ་ཕོད་ཅན་གྱི་དཔའ་བོ་ཞིག་ཡིན་པ་མ་ཟད། སློབ་དཔོན་པད་མ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་ཕྱིར་སྤྲུལ་བསྒྱུར་སྣ་ཚོགས་ཤེས་ལ།བྱམས་དང་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་མངོན་པར་མཚོན་ཡོད།

    གཞན་ཡང་ས་གནས་ཡུལ་ལྗོངས་དང་འབྲེལ་བའི་ངག་རྒྱུན།ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན་སོགས་ལས།མ་ཎི་གད་འགོ་དང་ཡིད་ལྷུང་ལྷ་མཚོའི་ས་མིང་ཐོགས་ཚུལ།བུད་མེད་མནའ་མ་འགྲོ་སྐབས་ཀྱི་ཁྲུས་དག་བྱེད་སྲོལ་དང་བོ་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་རྟ་རྒྱུགས་སྲོལ་གྱི་འབྱུང་ཁུངས་ཐད་ལ་འཕྲུལ་སྣང་གི་སྒོ་ནས་འགྲེལ་བཤད་བྱས་ཡོད་ཀྱང་དེ་དག་ཚང་མ་ད་ལྟ་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་དངོས་ཡོད་ཀྱི་ཆ་ཞིག་ལྡན་པས། མི་རྣམས་ཀྱི་སྣང་ངོར་ལོ་རྒྱུས་ཀྱི་ཁུངས་ལུང་ངེས་ཅན་ཞིག་ལྡན་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། གེ་སར་སྒྲུང་གི་ངག་རྒྱུན་བོད་ཀྱི་ས་ཁུལ་ག་ས་གང་དུ་ཁྱབ་ཡོད་ཀྱང་། ཡིད་ལྷུང་ལྷ་མཚོའི་མིང་ཐོགས་ཚུལ་ལྟ་བུ་ནི་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ངག་རྒྱུན་ཤ་སྟག་ཡིན་པས། ངག་རྒྱུན་ལ་མི་རིགས་དང་ས་གནས་རང་བཞིན་ཟབ་མོ་ལྡན་ཡོད་ཅེས་པ་ནང་བཞིན་ཡིན།ས་གནས་ཡུལ་ལྗོངས་དང་འབྲེལ་བའི་ངག་རྒྱུན། ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན་འདི་དག་ལས་མི་རྣམས་ཀྱི་ཕ་ཡུལ་ལ་དུངས་པའི་བརྩེ་སེམས་མཚོན་ཡོད་ལ།ས་གནས་དང་ཡུལ་ལྗོངས་འདི་དག་གི་འབྱུང་ཁུངས་ཐད་ལོ་རྒྱུས་དང་འཕྲུལ་སྣང་གཉིས་ལྡན་གྱི་སྒོ་ནས་འགྲེལ་བཤད་གནང་ཡོད། ངག་རྒྱུན་འདི་དག་གིས་ཕྱོགས་གཅིག་ནས་ས་མིང་ཐོགས་ཚུལ་དང་ཡུལ་སྲོལ་གོམས་གཤིས་ཆགས་ཚུལ་ལ་འགྲེལ་བ་ལེགས་པོར་བརྒྱབ་ཡོད་ལ།ཕྱོགས་གཞན་ཞིག་ནས་མི་རྣམས་ཀྱིས་གེ་སར་རྒྱལ་པོ་གཙོ་བྱས་པའི་དཔའ་བོ་མི་སྣའི་མཛད་པར་བསྟོད་བསྔགས་དང་རྗེས་དྲན་བྱེད་པ་དང་ཆབས་ཅིག་ཞི་བདེ་དང་བདེ་སྐྱིད་ཀྱི་རྗེས་སུ་བསྙེགས་པའི་ཕུགས་འདུན་ཟབ་མོ་མཚོན་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1