༄༅། །ང་ཡི་ཕུགས་འདུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-24


    2003ལོའི་དགུན་སྨད་ཅིག་ལ་ང་རང་ཆེས་དགའ་སའི་མི་དེ་འཇིག་རྟེན་དང་བྲལ་སོང་། ཁོ་རང་ང་དང་བྲལ་ཁར་མི་ལོ་བཞི་བཅུ་ཞེ་བརྒྱད་ཡིན། དགུན་སྨད་དེར་ཁ་བ་ཚོད་མེད་པར་བབས་པས་ང་དང་ངའི་སྐྱོ་གདུང་གི་དབྱངས་རྟ་སྦས་སའི་དབྱིག་འཛིན་མར་ཐུབ་ཚོད་གཏོང་བ་དང་འདྲ། ཁ་བ་ཉིན་ནས་མཚན་མཐུད་དེ་བབས་པས་འབྲོག་པ་ཚོ་ཡང་ང་དང་འདྲ་བར་སེམས་སྡུག་གི་རྒྱ་མཚོར་ལྷུང་བཞིན་འདུག ལོ་དེའི་ཁ་བ་ནི་ཅི་འདྲའི་བརྗེད་མི་ཐུབ་པའི་དྲན་ཤིང་མངར་མོ་ཞིག་རེད། ནམ་ཡང་ཁ་བ་འབབ་ཐེངས་རེར་ངས་ལོ་དེའི་དགུན་ཁ་དྲན་ཡོང་། ལྷག་པར་དུ་རང་ལ་ཧ་ཅང་བརྩེ་བའི་ཞང་བོ་དགའ་ལྡན་པོ་དེ་དྲན་ཡོང་།

ཞོགས་པ་རེ་རེ་གཡུང་ཞིང་འགྲོས་དལ་བའི་རྟ་རྒན་རྐྱང་རག་ཞོན་ཏེ་རྔོན་པར་འགྲོ་བའི་ཚུལ་དང་། ཕྱི་དྲོ་རེ་རེར་ལག་ཡོང་གི་རྔོན་ཤ་ཅུང་ཙམ་རེ་ངེད་ཚང་གི་འཚོ་བའི་ཁ་སྣོན་དུ་ཁྱེར་ཡོང་བའི་ངང་ཚུལ། ལྷག་པར་དུ་ང་ལ་གཅེས་ཤིང་འོ་བྱེད་པའི་རྣམ་པ། དེ་དག་ནི་ཅི་འདྲའི་བརྗེད་མི་ཐུབ་པའི་ཕྱིར་དྲན་མངར་མོ་ཞིག་རེད་ཨང་།

ངས་འདི་ལྟར་བསམ་བློ་ཞིབ་ཏུ་བཏང་ན་སྐབས་དེར་ཁོང་ལ་བཟའ་ཟླ་དང་བུ་ཕྲུག་མེད་མོད་ཕ་མ་གཉིས་འདས་སྔ་པས་མིང་སྲིང་དྲུག་བདུན་ཙམ་གྱི་ཟས་གོས་གནས་མལ་ཆ་ཚང་ཞེང་ཆེ་བའི་ཕྲག་ཁ་དེར་ལྗིད་ཏིག་ཏིག་གིས་བབས་ཡོད་པ་གསལ་བོར་རྟོགས་ཡོང་། ད་དུང་ངེད་ཚང་གི་འཚོ་བ་དང་། ངེད་ཅག་གི་མ་འོངས་པའི་མདུན་ལམ་སོགས་ཀྱི་དོན་ལའང་ལུས་སེམས་གཉིས་ཀྱིས་དཀའ་སྡུག་ག་ཙམ་མྱོང་ཡོད་པ་སུ་ཡིས་ཤེས། ཐ་ན་ཁོང་གི་མི་ཚེ་གང་བོར་རང་དང་ཡིད་སེམས་མཐུན་པའི་སྐྱ་ཡ་ཞིག་ཀྱང་མ་བཙལ་བའི་རྒྱུ་མཚན་དེའང་ངེད་ཅག་གི་དོན་དུ་ཡིན་པ་ལས་ཁོ་བོའི་བློ་སེམས་བརྩེ་བའི་མཛའ་མོ་ཞིག་དང་སྐྱིད་སྡུག་མཉམ་མྱོང་གི་ཆུང་མ་ཞིག་མ་རྙེད་པ་ག་ལ་ཡིན།

    ཞིབ་འདང་ཞིག་བརྒྱབ་ན་ང་རང་ཆུང་དུས་སུ་རྟ་དང་བོའུ་ལ་ཧ་ཅང་དགའ་བོ་བྱེད་པའི་བྱིས་པ་ཞིག་ཡིན། ནམ་རྒྱུན་ཞང་བོ་དྲིན་ཆེན་གྱི་བོའུ་ལ་རེག་པ་དང་། རྩེད་མོ་རྩེ་བའི་སྐབས་སུའང་བོའུ་འཕེན་པ་དང་རྟ་རྒྱུག་པ་སོགས་ཀྱི་ཚུལ་བྱེད་པས་རུ་སྐོར་ཡོངས་ཀྱི་བྱིས་པ་ཚོ་དང་དགའ་ཕྱོགས་མ་འདྲ་བར་གཅིག་པུར་རྩེས་པའང་གྲངས་ཀྱི་མི་ཟིན། ཡིན་ཡང་ཞང་བོ་དྲིན་ཆེན་དེས་ནམ་ཡང་ཁྱེད་ནི་རྟ་བོའུ་ལག་ཆར་དགའ་ཚུལ་ལ་བལྟས་ན་མ་འོངས་པར་ས་མཐའ་ཨ་ལོང་ལྟར་སྐོར་ཐུབ་པའི་བུ་རྒོད་ཅིག་ཡིན་སྲིད་པ་འདྲ། བྱ་བྱེའུ་འབའ་འབུ་སོགས་ཉམ་ཆུང་བའི་རིགས་གསོད་མི་ཉན། བུ་རྒོད་པོས་སྟོད་ཀྱི་རྟ་བརྒྱ་སྨད་ལ་བསྐོར་དགོས་ནི་རེད། སྨད་ཀྱི་རྟ་བརྒྱ་སྟོད་ལ་འདེད་དགོས་ནི་རེད་ཟེར། ད་དུང་ཇག་ཕར་བརྒྱབ་ཀྱི་རྟིང་མ་བླངས་ཚུལ། དགྲ་ཚུར་ཡོང་གི་མགོ་བོ་མནན་ཚུལ་སོགས་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་གང་མང་ཞིག་ཀྱང་ཉིན་མཚན་རེ་རེ་བདག་གི་ཆུ་ཤེལ་ལྟར་དྭངས་པའི་སེམས་པ་ཆུང་ཆུང་དེའི་གཏིང་ལ་སྦས། དེ་ནས་བཟུང་ངའི་ཕུགས་འདུན་ནི་སྡེ་མཐའ་ཨ་ལོང་ལྟར་བསྐོར་ཐུབ་པའི་ཕོ་རྒོད་ཅིག་དང་། ཡང་ན་རྟ་བརྒྱ་སྟོད་ལ་འདེད་ཐུབ་པའི་ཇག་པ་ཞིག་བྱེད་རྒྱུ་དེ་ཡིན། མཚན་མོའི་རྨི་ལམ་དུའང་རྟ་འདེད་པ་དང་བོའུ་འཕེན་པའི་ཚུལ་རྐྱང་རྐྱང་རྨིས་པས་བྱིས་དུས་ཀྱི་སྣང་བ་རྒོད་པོ་དེ་ཡང་ཡོངས་སུ་བཏགས། བལ་དཀར་གྱི་རྨུ་ཐག་ལྟ་བུའི་ལས་དབང་ཞིག་གི་བཀོད་སྒྲིག་འོག་ནས་ང་རང་སློབ་ཆུང་དང་སློབ་འབྲིང་གི་སྒོ་ཐེམ་སྙེགས་པའི་སློབ་བུ་རིག་ཡག་ཅིག་ཏུ་གྱུར། ཇག་ལ་འགྲོ་བའི་སྟོང་འདང་དེའང་འཇའ་ཚོན་ལ་ལག་པས་རེག་པ་བཞིན་སྟོང་བ་ཉིད་དུ་གྱུར། དཔེ་དེབ་དང་སྨྱུ་གུ་རེ་རེ་འཚོ་བའི་དཔུང་གྲོགས་སུ་བསུས་པ་ནས་རང་ལ་ཧ་ཅང་བརྩེ་བའི་ཞང་བོ་དྲིན་ཆེན་དེས་ནམ་ཡིན་ཡང་བུ་རྒོད་པོ། ཤུ་རེ་བྱོས། མ་འོངས་པར་རྒྱལ་ཁམས་རིག་པས་བསྐོར་ཏེ་ཤེས་རིག་གི་དཔྱིད་དཔལ་མི་ཡུལ་དུ་བསུ་དགོས། ཁྱོད་དཔེ་ཆ་དང་དཔེ་ཀློག་ལ་དགའ་ཚུལ་དེས་ཨ་ཞང་ལ་ཡིད་ཆེས་དང་རེ་བ་སྦྱིན་ཡོད་ཟེར། ད་དུང་དགེ་རྒན་དང་ཕ་མ་དྲིན་ཆེ་ཚུལ་གྱི་སེམས་གཏམ་མང་བོ་དཔྱིད་རླུང་འཇམ་པོའི་རེག་བྱ་ལྟར་ང་ཡི་སེམས་གཏིང་དུ་འཐིམ་མྱོང་།

    ཐེངས་ཤིག་ངའི་རྩིས་རིག་གི་ལས་བྱ་འབྲི་དེབ་ཚར་དེ་ཉིན་གསུམ་བཞི་ཙམ་ལ་ལས་བྱ་མ་བྲིས་པར་དགེ་རྒན་གྱིས་ང་ཡི་ལག་པར་སྨྱུག་མ་ཕྲ་མོ་ཞིག་གི་མང་དུ་བྲབས། ཕྱི་དྲོ་ལག་འཐིལ་དམར་བོར་གྱུར་ཞིང་ཚ་བ་རབ་ཏུ་རྒྱས། ཉིན་དེར་ཡང་ཨ་ཞང་གིས་སྔར་བཞིན་རྟ་རྒན་རྐྱང་རག་ཞོན་དེ་ངའི་ཨ་ཕ་དང་མཉམ་དུ་ང་ལ་བལྟ་རུ་ཡོང་། ངས་བསམ་པར་དེ་རིང་ཨ་ཕ་དང་ཁོང་གཉིས་ཀྱིས་ཕལ་ཆེར་ང་བྲབས་མཁན་གྱི་དགེ་རྒན་དེ་ལ་སྐྱིན་པ་ལེན་རྒྱུ་རེད་བསམ། སྐབས་དེའི་འབྲོག་ཕྱོགས་ཀྱི་སློབ་མར་དགེ་རྒན་གྱིས་གཅར་ན་དེའི་ཕ་མ་དང་སྤུན་མཆེད་ཡོང་ནས་དགེ་རྒན་ལ་རྡུང་བ་ནི་དཔེ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ཡང་ཁོང་གི་གདོང་ལ་འཛུམ་ཞིག་རྒྱས་ཏེ་གཅེས་ཕྲུག་སྐྱོན་ཡོད་ནི་མ་རེད། སྟག་ཤར་ར་ཞིག་ལ་འདི་ལྟ་བུ་ཞིག་གི་ཐུབ་བམ། གཙོ་བོ་ཁྱེད་ཀྱི་ཨ་ཕ་དང་ངེད་གཉིས་ཀྱིས་སྐྱོན་རེད། འབྲི་དེབ་ངེད་གཉིས་ཀྱིས་ཉོ་དགོས་ནི་རེད་ཟེར། ཉིན་དེར་ངས་ཁོ་རང་བུ་ངན་ཅིག་རེད་བསམ་མོད་ད་ལྟ་ཞིབ་འདང་ཞིག་བརྒྱབ་ན་དེ་འདྲ་ཞིག་གང་ནས་ཡིན།

    ང་སློབ་འབྲིང་ལ་འགྲོ་བའི་སྐབས་སུའང་ཁོང་གིས་རྒྱང་རིང་ནས་ཟས་སྐལ་སྐུར་ཡོང་བའི་ཚུལ་དང་ཟླ་བ་རེ་རེར་ང་ལ་བལྟ་རུ་ཡོང་བའི་ཉམས་སྣང་། རང་གིས་ཀྱང་བཀོད་མ་ནུས་པའི་ཤོག་སྒོར་དག་ཕངས་སེམས་མེད་པར་ང་ལ་སྦྱིན་པའི་ངང་ཚུལ་སོགས་ནི་ཅི་འདྲའི་ཡིད་ལ་ལྷུང་ཞིང་སེམས་རྩ་སྨྲོང་བྱེད་ཀྱི་འདས་དོན་ཁ་ཚ་བོ་ཞིག་རེད་ཨང་། བརྩེ་ཞིང་སྙིང་ཉེ་བའི་སེམས་གཏམ་རྣལ་མ་དེ་དང་། དྲང་ཞིང་འཁྱོག་མེད་པའི་མི་གཤིས་སྨྱུག་མདའ་ལྟ་བུ་དེའི་ཤུགས་རྐྱེན་འོག་ནས་ང་ཡི་ཕུགས་འདུན་ལ་རྩྭ་ཕྲན་གསར་བ་ཞིག་གི་ཚེ་སྲོག་འབུས། མཚན་མོའི་རྨི་ལམ་དུའང་མཁས་པའི་སྙན་གྲགས་ཀྱི་གཡུ་འབྲུག་མཁའ་རུ་བསྐྱོད་ཚུལ་སོགས་སྤྲོ་འོས་པ་དག་དག་རྨིས་པས་གཞོན་པའི་དུངས་སེམས་ཀྱི་སྣང་བ་དེ་ལྟར་ཚར།ལོ་ཟླ་ནི་ནུབ་ཏུ་བཞུར་བའི་ཆུ་བོ་ལྟར་ངའི་རྨི་ལམ་དང་ལང་ཚོ་ཁུར་ནས་རྒྱང་དུ་བཞུད། རང་ལ་སྙིང་ཉེ་བའི་མི་དེའང་གནམ་སའི་འདྲེས་མཚམས་སུ་ཤར་བའི་སྤྲིན་པ་ནག་པོ་དེར་འཐིམས། ང་ཡི་གདུང་བ་དང་སྐྱོ་དབྱངས་ཡོད་ཚད་དགུན་སྨད་ཀྱི་ཁ་བ་དང་མཉམ་དུ་ལྷགས་རླུང་གིས་ཕྱོགས་བཞིར་འདེད། རེ་བའི་རྨི་ལམ་དང་ཕུགས་འདུན་གྱི་སྣེ་མོ་ཡོད་ཚད་འཁྱག་སོབ་སོབ་ཀྱི་དར་ལ་འབྱར། དུས་དེ་ནས་ང་ནི་རྒྱབ་རི་ཉུལ་ཏེ་ས་ཞིང་ཡོངས་སུ་མནན་པའི་ཞིང་གྲོང་གི་སོ་ནམ་པ་ཞིག་དང་འདྲ་བར་ཉོབ་ཐག་ཆད་པས་མ་འོངས་བར་ཅི་ཞིག་བྱེད་དམ་སྙམ་པའི་དྲི་བ་མོག་མོག་རེ་རང་སེམས་སུ་འདེབས་བཞིན་སྐྱ་ཐང་ཐིང་གི་རྫ་ལུང་ཞིག་ནས་ཡུན་རིང་ལུས། ཁེར་རྐྱང་ལྟ་བུའི་སེམས་བྱུང་བཙན་པོ་ཞིག་གིས་ཉིན་མཚན་སྦྲེལ་བས་རི་གྲོང་འདིའི་ཕྱོགས་བཞི་ན་བགྲེང་པའི་མཐོ་ཞིང་རྔམས་བརྗིད་པའི་རྫ་རི་དག་ཀྱང་ང་དང་ངའི་ཁོར་ཡུག་གྲུ་བཞི་འདི་ཉ་མོ་ཁྱུར་མིད་བྱེད་པའི་གསོ་བྱ་ཞིག་དང་འདྲ་བར་གང་ནས་བལྟས་ཀྱང་སྡུག་རྩུབ་ཀྱིས་ཡོངས་སུ་བཀང་། ཡིན་ཡང་འཚོ་བ་ནི་ནམ་ཡང་རོལ་དགོས་པའི་ངའི་མི་ཚེའི་དབྱར་གཞུང་རིང་མོ་དམར་སེར་འདྲེས་པའི་ཞིང་ཁམས་ཤིག་ཏུ་ཡོངས་སུ་དྲངས། ཕུགས་འདུན་གྱི་མེ་ཏོག་དཀར་དམར་བུང་བའི་ལྡིང་བསྐོར་བྱེད་པའི་གནས་དེ་ནས་བཞད་མགོ་ཚུགས། ཆོས་ཐམས་ཅད་མི་རྟག་པ། གང་ཟག་གི་བདག་མེད་པ། སེམས་ཅན་མ་རུ་བརྩི་པའི་འདུ་ཤེས་ཁུར་ནས་དྲང་ཞིང་འཁྱོག་མེད་པའི་ལམ་ཕྲན་དེ་རུ་རྩལ་གྱིས་སྙེག། ད་ནི་རྨི་ལམ་ལ་ཚོར་བ་དབེན་པས་སྣུམ་ཞིང་ནག་པའི་ཕྲེང་བ་བརྒྱ་རྩ་བརྒྱད་ཀྱི་དུངས་སེམས་ང་ཡིས་ཁུར་ཡོད་པ་འདྲ། ང་ལ་ཁེར་རྐྱང་དང་གདུང་བ་ཡེ་ནས་མེད། ནམ་མཁའ་ཅི་ལྟར་སྔོ་ཡང་ང་ལ་འབྲེལ་བ་གཞན་ཞིག་མེད་པ་འདྲ། ནམ་ཡང་འཁྱོག་མེད་པའི་ལམ་བུ་འདི་སྙེག་པ་ནི་ང་ཡི་ཕུགས་འདུན་དུ་གྱུར་ཞིང་། ཕུགས་འདུན་གྱི་ལྷད་དུ་དཀའ་སྡུག་གི་སྣང་བ་དབྱིངས་སུ་བཏང་ཡོད། བདེ་བར་གཟིམས་ཤིག བཞུད་སོང་བའི་མི། ད་ནི་ཁྱེད་ཀྱི་རེ་བཞག་ཀློང་གི་བུ་ཆུང་དེས་རང་ཉིད་རྙེད་ཡོད་ལ་ཕུགས་འདུན་རྙེད་ཡོད། ཕུགས་འདུན་གྱིས་སླད་དུ་དཀའ་བ་དང་དུ་བླངས་ཡོད།


རྩོམ་ཡིག་སྔོན་མ།
༄༅། །དཔེ་ཀློག་དང་སློབ་ཆེན།
རྩོམ་ཡིག་རྗེས་མ།
༄༅། །ཨ་མ་དང་ཧ་པཱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1